ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་གར་ལྷོ་ཕྱོགས་སུ་གསུམ་བཅུའི་དུས་དྲན་ཐེངས་༦༢་པ་སྲུང་བརྩི།


༄༅།། དེ་རིང་ཕྱི་ཟླ་༣་ཚེ་༡༠་ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་དང་ཧུན་སུར། ཀོ་ལི་གྷལ་བཅས་གཞིས་ཆགས་གསུམ་གྱི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་བཅས་ཚོགས་པ་ཁག་༦་དང་མེ་སོར་གྲོང་ཁྱེར་གྱི་བོད་པའི་སློབ་ཕྲུག་ཐུན་མོང་གིས་ཀར་ན་ཊ་ཀ་མངའ་སྡེའི་མེ་སོར་གྲོང་ཁྱེར་གྱི་རྒྱལ་ཁང་མདུན་ནས་རྫོང་དཔོན་ལས་ཁུངས་བར་དུ་མི་གྲངས་༡༥༠་ཙམ་གྱིས་རྒྱང་ཐག་སྤྱི་ལེ་༦་ལ་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། མེ་སོར་རྫོང་དཔོན་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་སྙན་ཞུ་དོན་ཚན་བཞི་ཅན་ཞིག་ཀྱང་ཕུལ་འདུག

ད་དུང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ཏུ་བོད་པ་ཚོས་བོད་མིའི་རང་དབང་སྒེར་ལངས་བྱུང་བའི་ཉིན་མོ་སྟེ། གསུམ་བཅུའི་དུས་དྲན་ཐེངས་༦༢་པ་དེ་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་འགན་ཁུར་འོག་གཞིས་ཆགས་སོ་སོའི་ནང་དུ་སྲུང་བརྩིས་ཞུས་ཡོད་པ་སྟེ། དཔེར་ན་སྦེལ་ཀོབ་ལུགས་བདེ་གཞིས་ཆགས་ཁག་གཉིས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་གོ་སྒྲིག་འོག་སློབ་གྲྭ་དང་དགོན་སྡེའི་ལས་ཁུངས་ཁག གྲོང་སྡེ་ཁག་གི་རྒྱ་དཔོན་རྣམས་བཅས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་སྡེ་ཚན་ཁག་གི་ལས་སྣེ་རྣམས་གཞིས་སྤྱི་རྒྱལ་བའི་ཕོ་བྲང་དུ་འདུ་འཛོམས་ཀྱིས་གཞུང་འབྲེལ་དུས་དྲན་དེའི་བྱེད་སྒོ་ཁག་སྤེལ་སྤེལ་ནས་སྐུ་མགྲོན་གཙོ་བོར་སྦེལ་ཀོབ་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཇ་ཝྭ་རེ་གྷོ་ཌིས་གསུམ་བཅུའི་དུས་དྲན་དང་བོད་དོན་གྱི་གཏམ་བཤད་གནང་སོང་། གཞན་ཡང་སྦེལ་ཀོབ་ལུགས་བསམ་ས་གནས་འགོ་འཛིན་ཐུབ་བསྟན་ཚེ་རིང་གིས་བཀའ་ཤག་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་། བདེ་སྐྱིད་སླར་གསོ་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོས་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཡོངས་ཁྱབ་གསུང་འཕྲིན་སྒྲོགས་སྦྱང་ཞུས་སོང་།།

མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་ལྟར་ས་གནས་དེའི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་བཅས་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་རྣམས་སྔ་དྲོར་ནོར་བུ་རིར་འདུ་འཛོམ་གནང་སྟེ་གཞུང་འབྲེལ་གྱི་དུས་དྲན་སྲུང་བརྩི་ཞུས་ཤིང་། ད་ལོ་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་འགྲིམ་འགྲུལ་དང་མི་ཚོགས་འདུ་འཛོམ་བཅས་ལ་འཛེམ་ཟོན་བྱེད་དགོས་པའི་སྟབས་ཀྱིས་རྒྱ་གར་སོགས་ཀྱི་བོད་པ་བཙན་བྱོལ་བ་གནས་སྡོད་བྱ་ཡུལ་གཞིས་ཆགས་ཁག་ཏུ་སྔར་བཞིན་མི་ཚོགས་རྒྱས་འཛོམས་དང་མི་མང་སྟོང་ཕྲག་པོས་ངོ་རྒོལ་ཁྲོམ་སྐོར་སོགས་ཀྱི་ལས་འགུལ་ཁག་སྤེལ་ཐུབ་མེད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG