ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

དམངས་གཙོ་ཚོགས་པས་ཀ་མ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་དང་རྡོག་རྩ་གཅིག་སྒྲིལ།


སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་
སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་

༄༅།། ཇཱོ་བྷ་ཌན་༢༠༢༤་ལོའི་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁོངས་ནས་ཕྱིར་འཐེན་དང་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་གྱི་གསལ་བསྒྲགས་སྤེལ། ཕྱི་ཟླ་༧་པའི་ཚེས་༢༢་ཉིན་ཝོལ་སི་ཊི་རི་ཊི་ཚགས་པར་སོགས་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རིའི་དམངས་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་དང་གྲོས་ཚོགས་འཐུས་མི་ཁག ས་གནས་ཁག་གི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཚོས་སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རི་སི་སྲིད་འཛིན་འོས་མིར་གདམ་རྒྱུའི་རྒྱབ་སྐྱོར་བྱས་ནས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་ལོ་འདིའི་ཕྱི་ཟླ་༡༡་པའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཌོ་ནལ་ཊམ་ཕམ་ཉེས་གཏང་རྒྱུའི་གྲ་སྒྲིག་ལ་བྲེལ། ཀ་མ་ལ་ཧེ་རི་སིས་སྲིད་འཛིན་གཞོན་པའི་འོས་མིར་སུ་ཞིག་གདམ་རྒྱུ་ཡིན་མིན་ཐད་ཚོད་འདྲ་མིན་ཞིག་བྱེད་འགོ་ཚུགས།།

ད་ལྟ་སྲིད་འཛིན་བྷ་ཌན་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁང་གཞུང་འབྲེལ་ཐོག་ཏུ་ཀ་མ་ལ་ཧེ་རི་སིའི་སྲིད་འཛིན་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁང་ཞེས་མིང་བསྒྱུར། བྷ་ཌན་གྱི་འོས་བསྡུའི་དྲིལ་ལས་འགུལ་ཁང་གི་ལས་བྱེད་པ་དང་ལས་ཁུངས་ཀྱི་མ་ལག་ཆ་ཚང་། འགྲོ་གྲོན་ཨ་སྒོར་ས་ཡ་༩༨་ཡོད་པ་རྣམས་ཀ་མ་ལ་ཧེ་རི་སི་ལ་རྩིས་སྤྲད། ཁ་སང་གཅིག་པུར་དམངས་གཙོ་ཚོགས་པས་ཀ་མ་ལ་ཧེ་རི་སིའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཆེད་དུ་ཨ་སྒོར་ས་ཡ་མང་པོ་འདུ་འགོད་ཐུབ་ཡོད་ཅིང་། རྒྱས་འཛོམས་ཚོགས་ཆེན་དུས་སུ་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་ཀ་མ་ལ་ཧེ་རི་སི་ལ་ཁ་གཏད་པ་འབྱུང་སྲིད་ཀྱང་མི་དེར་རྒྱབ་སྐྱོར་ཐོབ་རྒྱུ་ཡིན་མིན་དང་འགྲོ་གྲོན་འདུ་འགོད་ཐུབ་མིན། ལས་ཀའི་ཉམས་མྱོང་ཡོད་མེད་བཅས་ཀྱིས་ཀ་མ་ལ་ཧེ་རི་སི་ལ་འགྲན་ཡ་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ།།

ཟླ་བའི་རྗེས་མའི་ཚེས་༡༩་ནས་༢༢་བར་དུ་ཆི་ཁ་གྷོ་གྲོང་ཁྱེར་དུ་འཚོགས་ཀྱི་ཡོད་པའི་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ཀ་མ་ལ་ཧེ་རི་སི་དངོས་སུ་སྲིད་འཛིན་འོས་མིར་བདམས་ཚེ། ཁོང་གིས་དེའི་སྔོན་དུ་གང་མགྱོགས་སྲིད་འཛིན་གཞོན་པའི་འོས་མི་ཞིག་གདམ་དགོས། ཉམས་ཞིབ་པ་ཚོས་པེན་སིལ་ཝེ་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ཇཱོ་ཤི་ཤ་པི་རོ་(Josh Shapiro)་དང་བྱང་ཁེ་རོ་ལེ་ན་མངའ་སྡེའི་སྤྱི་ཁྱབ་རོ་ཡེ་ཀུ་པར་(Roy Cooper)། ཀན་ཊ་ཀི་མངའ་སྡེའི་སྤྱི་ཁྱབ་ཨན་ཌི་བྷེ་ཤིར་(Andy Beshear)་དང་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་སྤྱི་ཁྱབ་ཁེ་ཝིན་ནེའུ་སམ་(Gavin Newsom)། མཱི་ཆི་གྷན་མངའ་སྡེའི་སྤྱི་ཁྱབ་ཝི་ཊི་མེར་(Whitmer)་སོགས་ཀྱི་གང་རུང་ཞིག་གདམ་སྲིད། ལྷག་པར་དུ་ལོ་འདིའི་སྲིད་འཛིན་འོས་བསྡུའི་གྲུབ་འབྲས་ལ་ཁྱད་པར་གཏོད་ཐུབ་པའི་མངའ་སྡེ་ཁག་སྟེ། པེན་སིལ་ཝེ་ཎི་ཡ་དང་མཱི་ཆི་གྷན། ཝི་སི་ཀོན་སན་དང་འཇོར་ཇཱི་ཡ། ཨ་རི་ཛོ་ན་དང་ནེ་ཝ་ཌ་གང་རུང་གི་དམངས་གཙོ་ཚོགས་པའི་སྤྱི་ཁྱབ་བམ། ཡང་ན་གྲོས་ཚོགས་འཐུས་མི་ཞིག་སྲིད་འཛིན་གཞོན་པའི་འོས་མིར་བདམས་ན་དགེ་མཚན་ཆེ་ཞེས་བསྟན།།

སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རིས་ཀྱིས་སྲིད་འཛིན་ཇོ་བྷེ་ཌན་གྱིས་ཟླ་དྲུག་པའི་ཚེས་༡༧ཉིན། ཉིན
སྲིད་འཛིན་གཞོན་པ་ཀ་མ་ལ་ཧ་རིས་ཀྱིས་སྲིད་འཛིན་ཇོ་བྷེ་ཌན་གྱིས་ཟླ་དྲུག་པའི་ཚེས་༡༧ཉིན། ཉིན

ཕྱི་ཟླ་༧་པའི་ཚེས་༢༡་གི་དགོང་མོར་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀ་མ་ལ་ཧེ་རི་སིའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁང་གིས་གཟའ་ཉི་མའི་ཕྱི་དྲོ་ནས་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ལ་ཞུགས་ཀྱི་ཡོད་པའི་འཐུས་མི་བརྒྱ་ཕྲག་འགའ་ཞིག་ལ་ཁ་པར་བཏང་ནས་ཀ་མ་ལ་ཧེ་རི་སིར་རྒྱབ་སྐྱོར་བྱ་དགོས། སྲིད་འཛིན་འོས་མིར་འགྲན་ཞུགས་བྱེད་མཁན་གཞན་པ་འབྱུང་སྲིད་པ་ཚོར་འོས་ཤོག་མི་འཕེན་པའི་རེ་བ་ཡོད་ཅེས་འབོད་སྐུལ་ཞུས། ཁ་པར་གཏོང་ཡུལ་འཐུས་མི་མང་ཆེ་བས་ཀ་མ་ལ་ཧེ་རི་སི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གདམ་རྒྱུའི་ཁས་བླངས། དེ་བཞིན་གཟའ་ཉི་མའི་ཕྱི་དྲོར་ཨ་རིའི་མངའ་སྡེ་ཁག་གི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཚོ་དྲྭ་ལམ་དུ་ཚོགས་འདུ་ཚོགས་ནས་ཀ་མ་ལ་ཧེ་རི་སི་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མིར་གདམ་རྒྱུ་གྲོས་སྡུར་བྱུང་། ཚོགས་ཞུགས་འཐུས་མི་འགའ་ཞིག་གིས་ཀ་མ་ལ་ཧེ་རི་སི་ལ་མངའ་སྡེ་ཁག་གི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཚོའི་རྒྱབ་སྐྱོར་ཆ་ཚང་འདུག་ཅེས་བཀྲལ།།

ཇཱོ་བྷ་ཌན་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་བྱས་མ་ཐག་ཏུ་ཀ་མ་ལ་ཧེ་རི་སིའི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁང་གིས་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་གྱི་འཐུས་མིར་བདམས་ཡོད་པ་ཚོར་འབྲེལ་བ་བྱས་ནས་རྒྱབ་སྐྱོར་བཙལ། ཀ་མ་ལ་ཧེ་རི་སིས་ཀྱང་ངས་དཀའ་ལས་བརྒྱབ་ནས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གདམ་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བསྒྲགས། ད་སྔ་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ནན་སི་ཕེ་ལོ་སི་སོགས་ཀྱིས་ཀ་མ་ལ་ཧེ་རི་སི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གདམ་དགོས་ཞེས་རྒྱབ་སྐྱོར་བྱས་མེད་མོད། འོན་ཀྱང་སྲིད་འཛིན་ཟུར་པ་ཁེ་ལིན་ཊོན་དང་ཕྱི་སྲིད་དྲུང་ཆེ་ཟུར་པ་ཧི་ལ་རི་ཁེ་ལིན་ཊོན་གཉིས་ཀྱིས་ཀ་མ་ལ་ཧེ་རི་སི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གདམ་རྒྱུར་རྒྱབ་སྐྱོར་བྱས་འདུག

འོས་ཤོག་འཕེན་མཁན་ཊོམ་ཅེ་སིས་སྲིད་འཛིན་ཇོ་བྷེ་ཌན་གྱི་མིང་གཅོད་པའི་འོས་བསྡུའི་ལས་འགུལ་གྱི་བརྡ་ཁྱབ་ཅིག་སྟོན།
འོས་ཤོག་འཕེན་མཁན་ཊོམ་ཅེ་སིས་སྲིད་འཛིན་ཇོ་བྷེ་ཌན་གྱི་མིང་གཅོད་པའི་འོས་བསྡུའི་ལས་འགུལ་གྱི་བརྡ་ཁྱབ་ཅིག་སྟོན།

སྔ་ལོ་ནས་ཨ་རིའི་མངའ་སྡེ་ཁག་ལ་༢༠༢༤་ལོའི་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུ་བྱས་པའི་སྐབས་སུ་ཇཱོ་བྷ་ཌན་ལ་འོས་ཤོག་ས་ཡ་༡༤་ལ་ལྷག་ཐོབ། གཟའ་མཇུག་དེར་ཇཱོ་བྷ་ཌན་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་བྱས་ཡོད་པས་འོས་ཤོག་དེ་རྣམས་མཐའ་གཅིག་ཏུ་ཀ་མ་ལ་ཧེ་རི་སིར་འཐོབ་དགོས་ཞེས་ཁྲིམས་ཐོག་ཏུ་མ་འཁོད། འཐུས་མི་སོ་སོས་ཇཱོ་བྷ་ཌན་ལ་འཕངས་པའི་འོས་ཤོག་རྣམས་འོས་མི་གཞན་པར་འཕེན་ཆོག ཀ་མ་ལ་ཧེ་རི་སི་ལ་ཉུང་མཐར་ཡང་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ལ་འཐུས་མི་༣༩༣༦་ཡོད་པ་དེའི་ཁོངས་ནས་འཐུས་མི་༡༩༦༩་ཡི་རྒྱབ་སྐྱོར་ཐོབ་དགོས། ཨ་རིའི་ལྷོ་ཕྱོགས་མངའ་སྡེ་ཊེ་ཎི་སི་ལ་འཐུས་མི་༧༠་ཡོད་པ་དེ་དག་གིས་ཀ་མ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ། དེ་ནི་ཨ་རིའི་མངའ་སྡེ་ཁག་གི་ནང་ནས་ཀ་མ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཕྱིར་བསྒྲགས་བྱེད་མཁན་དང་པོ་དེར་གྱུར།།

ཕྱི་ཟླ་༧་པའི་ཚེས་༢༢་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལོ་ན་༥༩་ལ་སོན་པའི་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སིའི་ཨ་ཕ་ནི་མི་རིགས་ནག་པོ་དང་ཨ་མ་རྒྱ་གར་བ་ཡིན་ཞིང་། ཀ་མ་ལ་ཧེ་རི་སི་མི་རིགས་འདྲེས་མའི་རིགས་སྐྱེས་སུ་སྐྱེས་པའི་ཨ་རིའི་སྲིད་འཛིན་གཞོན་པ་ཐོག་མ་དེ་ཡིན་པར་མ་ཟད། སྲིད་འཛིན་བྷ་ཌན་གྱི་རྒྱབ་སྐྱོར་འོག་ཨ་མི་རི་ཀའི་བུད་མེད་སྲིད་འཛིན་དང་པོ་དེར་འགྱུར་སྲིད། ཀ་མ་ལ་ཧེ་རི་སི་ཕྲུ་གུ་ཡིན་པའི་དུས་ནས་ཕ་མ་ཚོ་སྤྱི་དམངས་ཐོབ་ཐང་རྩོད་ལེན་གྱི་ལས་འགུལ་ཁག་ལ་ཞུགས། ཁོ་མོ་ལོ་༧་ལ་བསླེབས་པའི་དུས་དེར་ཕ་མ་གཉིས་ཁ་འཐོར་ནས་མེས་མོའི་གཟིགས་སྐྱོང་འོག་ཏུ་འཚར་ལོངས་བྱུང་། ཀ་མ་ལ་ཧེ་རི་སི་དང་གཅེན་མོ་གཉིས་ལ་ཆུང་དུས་ནས་ཨ་ཧྥི་རི་ཀ་དང་རྒྱ་གར། ཨ་མི་རི་ཀའི་རིག་གཞུང་གི་ཤུགས་རྐྱེན་ཐེབས། ཁོ་མོ་བྱིས་པའི་དུས་སུ་མི་རིགས་དཀར་པོའི་ཕྲུ་གུ་མང་སའི་སློབ་ཆུང་འགྲིམས། དེ་ནས་མི་རིགས་ནག་པོའི་ཧོ་ཝར་ཌི་སློབ་ཆེན་དུ་སློབ་སྦྱོང་བྱས། ཕྱིས་སུ་ཁེ་ལི་ཧྥོར་ཎི་ཡའི་ཧེ་སི་ཊིང་སི་ཁྲིམས་ལུགས་མཐོ་སློབ་འགྲིམས་ནས་སློབ་སྦྱོང་ཐོན།།

༢༠༡༠་ལོར་ཀ་མ་ལ་ཧེ་རི་སི་མངའ་སྡེའི་སྤྱི་ཁྱབ་ཁྲིམས་འཛིན་པའི་འོས་བསྡུར་འགྲན་ཞུགས་བྱས་ནས་ཁེ་ལི་ཧྥོར་ཎི་ཡའི་སྤྱི་ཁྱབ་ཁྲིམས་འཛིན་ལ་བདམས། ༢༠༡༦་ལོར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མིར་ལངས་ཏེ་སྐབས་དེའི་སྲིད་འཛིན་ཨོ་བྷ་མ་དང་སྲིད་འཛིན་གཞོན་པ་ཇཱོ་བྷ་ཌན་གཉིས་ཀྱི་རྒྱབ་སྐྱོར་ཐོབ། ༢༠༡༩་ལོར་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ལང་རྒྱུའི་ཐག་བཅད། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་བགྲོ་གླེང་སྐབས་སུ་ཀ་མ་ལ་ཧེ་རི་སི་དང་ཇཱོ་བྷ་ཌན་གཉིས་རྩོད་པ་དྲག་པོ་ཐུག་སྟེ་བྷ་ཌན་གྱི་ལངས་ཕྱོགས་དང་སྲིད་ཇུས་ལ་སྐྱོན་བཙུགས། ༢༠༢༠་ལོའི་དབྱར་དུས་ཇཱོ་བྷ་ཌན་གྱིས་ཀ་མ་ལ་ཧེ་རི་སི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། ༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ནང་དུ་ཇཱོ་བྷ་ཌན་སྲིད་འཛིན་ལ་འདེམས་ཐོན་བྱུང་སྟེ་ཀ་མ་ལ་ཧེ་རི་སི་སྲིད་འཛོན་གཞོན་པར་གྱུར་ཏོ།།

གླེང་སྟེགས།

XS
SM
MD
LG