ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུ་ནས་ཕྱིར་འཐེན་གནང་སྟེ་སྲིད་འཛིན་སྐུ་གཞོན་ཀ་མ་ལ་ཧེ་རིས་ལ་རྒྱབ་གཉེར་གནང་།


སྲིད་འཛིན་ཇོ་ བྷའི་ཌན་གྱིས་སྲིད་འཛིན་བསྡུ་ནས་ཕྱིར་འཐེན་གནང་རྒྱུའི་གསལ་བསྒྲགས་གནང་འདུག་པ་དང་། དེ་ཡང་རེས་གཟའ་ཉི་མའི་ཉིན་དགུང་ཙམ་ལ་སྲིད་འཛིན་བྷའི་ཌན་གྱིས་ཡོངས་ཁྱབ་གསལ་བསྒྲགས་ཕྱག་བྲིས་ཞིག་གནང་བའི་ནང་སྲིད་འཛིན་གྱི་ལས་འགན་གནང་ཐུབ་པ་དེ་ཁོང་གི་སྐུ་ཚེའི་ནང་ལས་དོན་རྩ་ཆེ་ཤོས་ལ་ངོས་འཛིན་གནང་ཡོད་ཅིང་། སླར་ཡང་ལོ་བཞིའི་རིང་སྲིད་འཛིན་བྱེད་ཐུབ་རྒྱུར་སྲིད་འཛིན་འོས་བསྡུའི་ནང་འགྲན་ཞུགས་གནང་རྒྱུའི་འདུན་པ་ཡོད་ནའང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་མང་གཙོ་ཚོགས་པའི་ཁེ་ཕན་བཅས་ཀྱི་ཆེད་སྲིད་འཛིན་གྱི་འོས་བསྡུ་ནས་ཕྱིར་འཐེན་བྱ་རྒྱུར་ཐག་གཅོད་གནང་ནས་སྲིད་འཛིན་གྱི་ལས་རྒྱུན་ལྷག་མའི་ལས་དོན་རྣམས་མཇུག་འཁྱོངས་གནང་གི་ཡིན་ཞེས་གསུངས་འདུག

གསལ་བསྒྲགས་ཕྱག་བྲིས་དེའི་ནང་འདས་པའི་ལོ་གསུམཙམ་གྱི་རིང་ཁྲིམས་འཆར་མང་པོ་གཏན་འབེབས་བྱེད་ཐུབ་པ་སོགས་ལས་དོན་ལ་གྲུབ་འབྲས་བྱུང་བ་རྣམས་གསལ་འདོན་གནང་བ་དང་ཆབས་ཅིག སྲིད་འཛིན་སྐུ་གཞོན་ཀ་མ་ལ་ ཧ་རིས་སྲིད་འཛིན་ཕྱག་རོགས་བསྔགས་བརྗོད་འོས་པ་གནང་བ་དེར་ཐུགས་རྗེ་ཞེས་གསུངས་པ་དང་ཆབས་ཅིག སྲིད་འཛིན་གྱི་འོས་མིར་རྒྱབ་གཉེར་གནང་གི་ཡོད་ཅེས་གསུངས་འདུག

སྲིད་འཛིན་བྷའི་ཌན་གྱིས་གཟའ་འཁོར་འདིར་ད་ལམ་གྱི་ཐག་གཅོད་དེའི་ཐད་རྒྱལ་ཡོངས་ལ་གསལ་བཤད་གནང་གི་ཡིན་ཞེས་གསུངས་འདུག

འདས་པའི་ཉིན་ཤས་ནང་མང་གཙོ་ཚོགས་ཁོངས་ཀྱི་གྲོས་ཚོགས་འཐུས་མིའི་ཁོངས་ནས་སྲིད་འཛིན་བྷའི་ཌན་ལ་སྲིད་འཛིན་གྱི་འོས་བསྡུ་ནས་ཕྱིར་འཐེན་གནང་དགོས་པའི་སྐུལ་མ་བྱེད་མཁན་མང་དུ་སོང་ཡོད་པ་དང་། དེ་ཡང་ཟླ་བ་སྔོན་མར་སྲིད་འཛིན་འོས་མི་གཉིས་ཀྱི་བགྲོ་གླེང་སྐབས་པའི་གྲུབ་འབྲས་སྐྱོ་བོ་བྱུང་བ་དང་། ལྷག་པར་སྲིད་འཛིན་ཟུར་པ་ཀྲམ་གྱིས་དངོས་བདེན་མིན་པའི་གནས་ལུགས་མང་པོ་བཤད་པ་དེར་སྲིད་འཛིན་བྷའི་ཌན་གྱིས་འགག་ལན་གསལ་པོ་གནང་མ་ཐུབ་པ་སོགས་ཀྱིས་ཁོང་གི་ལོ་ན་དང་བསམ་བློའི་གནས་ཚད་ལ་དྭོགས་པ་བྱེད་མཁན་མང་པོ་བྱུང་བ་མ་ཟད། མང་ཚོགས་ཀྱི་བསམ་ཚུལ་བསྡུས་པའི་ནང་ཁ་གཏད་སྲིད་འཛིན་ཟུར་པ་ཀྲམ་ལས་བརྒྱ་ཆ་ཉུང་བ་ཡོང་གི་ཡོད་པ་བཅས་ཀྱིས་བྷའི་ཌན་གྱིས་ཀྲམ་ཕམ་ཉེས་གཏང་ཐུབ་ཀྱི་ཡོད་མེད་ལ་གླེང་སློང་བསྟུད་མར་ཡོང་གི་ཡོད་པ་རེད།

སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུ་ནས་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གསལ་བསྒྲགས་བ་དེས་མང་གཙོ་ཚོགས་པ་ཟང་ཟིང་ནང་ལྷུང་་ཡོད་པ་དང་། སྲིད་འཛིན་སྐུ་གཞོན་ཀ་མ་ ཧ་རིས་མང་གཙོ་ཚོགས་ཁོངས་ནས་འོས་མིར་འདེམས་སྒྲུག་ཡོང་རྒྱུར་རེ་བ་ཆེ་བའི་འོས་མི་ཡིན་མོད། འོན་ཀྱང་མང་གཙོ་ཚོགས་པར་སྲིད་འཛིན་འོས་མི་གསར་པ་གཅིག་འདེམས་དགོས་ཀྱི་ཡོད་པ་རེད།

ད་ལམ་སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུ་ནས་ཕྱིར་གནང་རྒྱུའི་ཐག་གཅོད་གནང་བ་དེས་ཨ་རིའི་ལོ་རྒྱུས་ནང་འོས་བསྡུའི་བརྒྱུད་རིམ་མཐའ་མའི་སྐབས་སུ་འོས་མི་ཕྱིར་འཐེན་བྱས་པ་དང་པོ་ཡིན་པ་དང་། དེ་ཡང་སྐུ་གཟུགས་ཀྱི་གནས་བབ་དང་བསམ་བློའི་གནས་སྟངས་ལ་བརྟེན་ནས་སྲིད་འཛིན་འོས་མི་ཕྱིར་འཐེན་བྱས་པ་དང་པོ་ཡིན་པ་རེད།

སྲིད་འཛིན་བྷའི་ཌན་གྱིས་ཐག་གཅོད་དེ་གསལ་བསྒྲགས་གནང་རྗེས་གྲོས་ཚོགས་གོང་མའི་ནང་མང་གཙོ་ཚོགས་པའི་དབུ་ཁྲིད་ཅུག་ ཤུ་མར་གྱིས་སྲིད་འཛིན་བྷའི་ནི་དོན་དམ་གྱི་རྒྱལ་གཅེས་པ་ཡིན་པ་དང་། ཁོང་ནི་གྲུབ་འབྲས་ཆེ་བའི་སྲིད་འཛིན་གཅིག་དང་གྲོས་ཚོགས་ཀྱི་ལས་དོན་མང་པོར་ལམ་ལྷོང་ཆེ་བའི་སྲིད་འཛིན་གཅིག་ཡིན་པ་མ་ཟད། སྐྱེ་བོ་བཟང་པོ་གཅིག་རེད་ཅེས་གསུངས་འདུག

འོན་ཀྱང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་སྲིད་འཛིན་གྱི་ལས་འཁུར་ནས་ལམ་གསེང་དགོངས་ཞུ་དགོས་ཀྱི་རེད་ཅེས་བརྗོད་ཀྱི་ཡོད་པ་དང་། གྲོས་ཚོགས་འོག་མའི་ཚོགས་གཙོ་མའིག་ ཇོན་སོན་གྱིས་སྲིད་འཛིན་བྷའི་ཌན་གྱིས་སྲིད་འཛིན་འོས་བསྡུའི་ནང་མུ་མཐུད་འགྲན་རྩོད་བྱེད་ཐུབ་ཀྱི་མེད་ན། སྲིད་འཛིན་གྱི་ལས་འཁུར་འཕྲལ་དུ་ནས་དགོངས་ཞུ་བྱེད་དགོས་པ་ཡིན་ཞེས་གསུངས་འདུག

ཨེ་པི་དང་ཨེ་ཨེཧྥ་པི། ཝ་སིནཌོནཔོསྜ་བཅས་ནས་གནས་ཚུལ་བཏུས།

གསར་འགོད་པ། རྣམ་རྒྱལ་ཤཱསྟཱི།

གླེང་སྟེགས།

XS
SM
MD
LG