རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཇོ་བྷའི་ཌན་གྱིས་སྲིད་འཛིན་གྱི་འོས་བསྡུའི་འགྲན་རྩོད་ནས་ཕྱིར་འཐེན་གནང་རྒྱུའི་ཐག་གཅོད་གནང་རྗེས་འཛམ་གླིང་གི་དབུ་ཁྲིད་ཚོས་དགོངས་ཚུལ་བཏོན་འདུག་ཅིང་། ཁེ་ནེ་ཌའི་སྲིད་སྲིད་བློན་ཇཱ་སི་ཊིན་ ཀྲུ་ཀྲུ་ཡིས་ངས་སྲིད་འཛིན་བྷའི་ཌེན་ཡུན་རིང་ནས་ངོ་ཤེས་ཡོད་པ་དང་། ཁོང་ནི་སྐྱེ་བོ་རླབས་ཆེན་གཅིག་རེད། ཁོང་གིས་ཐག་གཅོད་རྣམས་རྒྱལ་ཁབ་ཁོ་ནའི་དོན་དུ་གནང་གི་རེད། ཁོང་ཨ་རིའི་སྲིད་འཛིན་ཞིག་ཡིན་པའི་ཆ་ནས་ཁེ་ནེ་ཌེའི་རྒྱལ་ཁབ་དང་ཧ་ཅང་མཐུན་ཐབས་གནང་སྟེ་ང་ཚོའི་མཐུན་གྲོགས་ཤིག་དང་གྲོགས་པོ་བློ་ཐུབ་ཞིག་ཡིན་ སྲིད་འཛིན་བྷའི་ཌེན་གཏན་ཞལ་གཉིས་ལ་ང་ཚོས་ཐུགས་རྗེ་ཆེ་ཅེས་ཞུ་གི་ཡོད་ཅེས་གསུངས་འདུག
ཇར་མི་ནི་སྲིད་བློན་ཨོ་ལིབ་ཤོཛི་ཡིས་ཇོ་བྷའི་ཌན་གྱིས་ཕྱག་ལས་རླབས་ཆེན་གྱི་གནང་ཡོད། ཁོང་གིས་འཛམ་གླིང་སྤྱི་དང་དམིགས་བསལ་ཨ་རི་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་བཅས་ལ་ཤིན་ཏུ་རླབས་ཆེ་བའི་ཕྱག་ལས་གནང་ཡོད་ཅེས་་འགྲེལ་བརྗོད་དང་ཆབས་ཅིག ཁོང་གིས་ཡུ་རོབ་གྱི་ཡུལ་གྲུ་ཁག་དང་སེམས་ཐག་ཉེ་པོས་མཉམ་ལས་གནང་ཡོད་པ་མ་ཟད། བྱང་ཨེ་ཌི་ལེན་ཊིག་དམག་དོན་སྒྲིག་འཛུགས་དང་ཨ་རིའི་གཉིས་སྟོབས་ཤུགས་ཆེན་པོ་བཟོ་རྒྱུར་ཡང་སྐུ་ལས་མང་པོ་བཀྱོན་ཡོད། ཁོང་ང་ཚོའི་མཐུན་གྲོགས་ཤིག་ཀྱང་ཡིན་པར་བརྟེན་ངས་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཅེ་ཞུ་རྒྱུ་ཡིན་ཞེས་དང་། ཁོང་གིས་འོས་བསྡུའི་འགྲན་རྩོད་ནང་བསྐྱར་དུ་བཞེངས་རྒྱུ་མིན་པའི་ཐག་གཅོད་དེ་ནི་འོས་ཤིང་འཚམས་པའི་ཐག་གཅོད་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གསུངས་འདུག
ཨིས་རལ་གྱི་རྒྱལ་སྲུང་བློན་ཆེན་གྱིས་འདས་པའི་ལོ་འགའ་ཤས་རིང་སྲིད་འཛིན་བྷའི་ཌན་གྱི་དབུ་ཁྲིད་འོག་ཨིས་རལ་ལ་གཡོ་བ་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཅེས་ཞུས་པ་དང་སྦྲགས། དམིགས་བསལ་གྱི་དམག་འཐབ་སྐབས་མཐུན་འགྱུར་རོགས་རམ་གནང་བ་དེར་ཨིས་རལ་བ་ཚོས་ཁོང་གི་བཀྲིན་ནམ་ཡང་བརྗེད་ཐབས་མེད་ཅེས་བཤད་འདུག
སི་པེན་གྱི་སྲིད་བློན་གྱིས་ཀྱང་སྲིད་འཛིན་བྷའི་ཌན་ལ་བསྔགས་བརྗོད་ཤུགས་ཆེར་གནང་འདུག་པ་དང་། ཨ་ཡིར་ལེན་ཊིའི་སྲིད་བློན་སི་མོན་ཧེ་རི་སི་ཡིས་ང་ཚོ་ཨཡིར་ལེན་ཌི་གཞུང་མང་གཉིས་ཀྱིས་སྲིད་འཛིན་བྷའི་ཌན་གྱིས་འཛམ་གླིང་སྣེ་ཁྲིད་གནང་བ་དང་། དམིགས་བསལ་ཨ་ཡར་ལེན་ཌི་ནང་ཞི་བདེ་བསྐྲུན་རྒྱུའི་དོན་དུ་གཡོ་བ་མེད་པར་གཏམ་བཤད་གནང་བ་སོགས་ལ་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
ནོར་ཝེའི་སྲིད་བློན་གྱིས་སྲིད་འཛིན་བྷའི་ཌན་གྱིས་རང་ཉིད་ལས་རྒྱལ་ཁབ་དང་མི་མང་གལ་ཆེ་བ་བརྩིས་གནང་སྟེ་སྲིད་འཛིན་གྱི་འོས་བསྡུའི་ནང་བསྐྱར་དུ་ཞུགས་རྒྱུ་མིན་པའི་ཐག་གཅོད་གནང་བ་ཞིག་རེད་ཅེས་བསྔགས་བརྗོད་ཤུགས་ཆེར་གནང་འདུག
དབྱིན་ཡུལ་དང་པོ་ལེནྜ། དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ལ་སོགས་པའི་རྒྱལ་ཁབ་མང་པོའི་དབུ་ཁྲིད་ཚོས་སྲིད་འཛིན་བྷའི་ཌེན་གྱི་ཐག་གཅོད་ལ་བསྔགས་བརྗོད་ཤུགས་གནང་འདུག
རུ་ཀྲར་གསར་སྤེལ་ཁང་ནས་བཏུས།
གསར་འགོད་པ། ཀུན་བཟང་སྒྲོལ་མ།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།
གླེང་སྟེགས།