ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཀྲམ་བཀྲོངས་ཐབས་བྱས་རྗེས་སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་དང་པོ་གནང་།


སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གནང་།
སྲིད་འཛིན་བྷའི་ཌན་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་གནང་།

རེས་གཟའ་མིག་དམར་ཉིན་སྲིད་འཛིན་ཇོ་ བྷའི་ཌན་གྱིས་ཨ་རིའི་མངའ་སྡེ་ནི་ཝ་ཌའི་ནང་འོས་བསྡུའི་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་འདུག་པ་དང་། དེ་ནི་ཁོང་གི་ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལྜ་ ཀྲམ་བཀྲོངས་ཐབས་བྱས་རྗེས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ནང་ཐེངས་དང་པོར་མཉམ་ཞུགས་གནང་བ་ཞིག་ཡིན་ཅིང་། ཁ་གཏད་འོས་མིར་སྐྱོན་བརྗོད་རྩུབ་པོ་བྱ་རྒྱུ་དང་ཨ་རིའི་ཆབ་སྲིད་ནང་གྲང་སངས་གཏོང་དགོས་པའི་བསྐུལ་མ་གནང་རྒྱུ་གཉིས་དོ་སྙོམ་པ་བཟོ་ཐབས་གནང་ཡོད་པ་རེད།

སྲིད་འཛིན་བྷའི་ཌན་གྱིས་ཨ་རིའི་ནང་ཆབ་སྲིད་ཚ་དྲོད་ཆེ་དྲག་པའི་སྐྱོན་འདུག་པ་དེ་ཕྱོགས་ཚང་མས་ཞོད་འཇགས་བྱེད་དགོས་པ་དང་། ཕྱོགས་རིས་ཅན་གྱི་གཏམ་བཤད་རྩུབ་པོ་མི་གནང་རྒྱུར་འབད་བརྩོན་གནང་གི་ཡིན་ནའང་། དྲང་པོ་དང་བདེན་པ་གསུངས་རྒྱུར་འཛེམས་ཟོན་གནང་གི་མིན་ཞེས་འདུག

སྲིད་འཛིན་ཟུར་པ་ཀྲམ་མིལ་ཝ་ཀིའི་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་རྒྱས་འཛོམས་ནང་མང་ཚོགས་ཀྱིས་རྒྱབ་སྐྱོར་རྦ་རླབས་འཕྱུར་བཞིན་པའི་སྐབས་དེར་ལོས་ཝེ་གྷས་གྲོང་ཁྱེར་གྱི་མི་རིགས་ནག་པོ་མང་བའི་ས་གནས་སུ་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྤེལ་ནས་རྒྱབ་སྐྱོར་བསྐུལ་སློང་གནང་ཡོད་པ་རེད།

སྲིད་འཛིན་བྷའི་ཌན་གྱིས་ཀྲམ་ལ་མེ་མདའ་བརྒྱབས་ནས་བཀྲོངས་ཐབས་བྱས་པའི་རང་འགུལ་མེ་མདའ་དེ་རིགས་བཀག་འགོག་བྱེད་དགོས་པ་དང་། ཨ་རིའི་གྲོང་ཁྱེར་གསང་ལམ་ནང་ཨེ་ཨར་ ༡༥ རྟགས་ཅན་མེ་མདའ་དེ་རིགས་གཏན་ནས་མཐོང་རྒྱུ་མེད་པར་བཟོ་ཚང་མ་མཉམ་དུ་ལངས་དགོས་པ་ཡིན་ཞེས་གསུངས་འདུག

ལས་ཝེ་གྷས་ནང་ཨ་རིའི་མི་རིགས་ནག་པོའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འཛོམས་ཐོག་སྲིད་འཛིན་བྷའི་ཌན་གྱིས་སྲིད་འཛིན་ཟུར་པ་ཀྲམ་ནི་མི་རིགས་ནག་པོ་ཚོར་མྱལ་ཁམས་ལྟ་བུ་རེད་དང་། ཁོང་གི་སྲིད་གཞུང་གིས་མི་རིགས་ནག་པོར་ལས་ཀ་ཐོབ་རྒྱུར་ནུས་པ་བཏོན་ཡོད་ཅེས་གསུངས་སྐབས་མང་ཚོགས་ཀྱི་སྐད་ཤུསག་ཆེན་པོས་དགའ་བསུ་བྱས་འདུག

སྲིད་འཛིན་བྷའི་ཌན་གྱིས་མི་རིགས་པོའི་རྒྱང་སྲིང་ཁང་བྷི་ཨི་ཀྲི་ཞེས་པས་བཅར་འདྲི་ཞུས་པ་བརྙན་འཇུག་གནང་རྒྱུ་ཡིན་ཅིང་། བཅར་འདྲི་དེའི་ནང་དེ་སྔོན་འོས་བསྡུའི་བགྲོ་གླེང་གི་གྲུབ་འབྲས་ལས་ཁོང་གི་ལོ་ན་དང་སེམས་ཁམས་ཀྱི་གནས་སྟངས་བཅས་ལ་སེམས་ཚབས་ཀྱི་གླེང་སློང་ཡོང་གི་ཡོད་པ་དེར་གསལ་བཤད་གནང་རྒྱུའི་འབད་བརྩོན་གནང་འཆར་ཡོད་པ་རེད།

སྲིད་འཛིན་ཟུར་པ་ཀྲམ་བཀྲོངས་ཐབས་ཀྱི་དོན་རྐྱེན་བྱུང་རྗེས་ཆབ་སྲིད་ཚ་དྲོད་ཆུང་དུ་གཏོང་ཐབས་གནང་བའི་ཆ་ཤས་སུ་སྲིད་འཛིན་བྷའི་ཌན་གྱིས་རེས་གཟའ་ཟླ་བའི་ཉིན་ཀྲེཀ་སས་ནང་འོས་བསྡུའི་དྲིལ་བསྒྲགས་ཚོགས་འཛོམས་ལ་གཏམ་བཤད་གནང་འཆར་ཡོད་པ་དེ་ཕྱིར་འཐེན་གནང་ཡོད་པ་རེད། འོན་ཀྱང་ད་རིང་ན་ཝ་ཌའི་ནང་སྔོན་འཆར་བཞིན་ཕེབས་ནས་ས་གནས་མི་རིགས་ནག་པའི་ཚོགས་སྡེ་ལ་གཏམ་བཤད་གནང་གི་ཡོད་པ་རེད།

༢༠༢༠ ལོར་མངའ་སྡེ་དེ་ནས་སྲིད་འཛིན་བྷའི་ཌན་ལ་འོས་ཤོག་བར་ཁྱད་ཉུང་ཉུང་གི་རྒྱལ་ཁ་ཐོབ་ཡོད་པ་དང་། ད་ལམ་མངའ་སྡེ་དེར་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ལ་ཕེབས་པ་དེ་ནི་ཟླ་བ་རྗེས་མར་མང་གཙོ་ཚོགས་པའི་འཐུས་མི་རྒྱས་འཛོམས་ཀྱིས་སྲིད་འཛིན་འོས་མི་མིང་འདོན་བྱེད་ཀྱི་ཡོད་པ་དེའི་གོང་ཕེབས་པ་གཅིག་ཡིན་ནའང་། མང་གཙོ་ཚོགས་པའི་ནང་འཐུས་མི་རྒྱས་འཛོམས་འཕར་འགྱངས་བྱས་ནས་ཁོང་འོས་མི་ནས་ཕྱིར་འཐེན་བྱེད་མཁན་ཡོད་མུས་རེད།

ཀྲམ་བཀྲོངས་ཐབས་བྱས་པ་དེས་མང་གཙོ་ཚོགས་ཁོངས་ནས་སྲིད་འཛིན་བྷའི་ཌན་འོས་མི་ནས་ཕྱིར་འཐེན་བྱེད་དགོས་པའི་གློང་སློང་དེ་མཚམས་བཞག་ཡོད་ནའང་། མང་ཚོགས་ཀྱི་བསམ་ཚུལ་བསྡུས་པའི་ནང་སྲིད་འཛིན་བྷའི་ཌན་གནས་སྟངས་བཟང་པོ་མེད་པ་དང་འོས་མི་ནས་ཕྱིར་འཐེན་བྱེད་དགོས་པའི་འབོད་སྒྲ་མུ་མཐུད་སྒྲོག་གི་ཡོད་པ་རེད།

དེའི་བར་ན་མང་གཙོ་ཚོགས་པའི་རྒྱལ་ཡོངས་ལྷན་ཚོགས་ཀྱིས་སྲིད་འཛིན་བྷའི་ཌན་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་གཏན་འཁེལ་གང་མགྱོགས་བྱ་རྒྱུར་མདུན་སྤོས་བྱེད་ཀྱི་ཡོད་པ་དང་། དེ་ཡང་ཟླ་བ་རྗེས་མའི་ནང་རྒྱལ་ཡོངས་འཐུས་མི་རྒྱས་འཛོམས་ཀྱི་གོང་ཐག་གཅོད་བྱ་རྒྱུར་ཐབས་ཤེས་བྱེད་ཀྱི་ཡོད་རེད་ཅེས་གནས་ཚུལ་སྤེལ་འདུག

ཡར་ནའུ་ཡོག་ཀྲ་འིམྶ་གསར་ཤོག་གིས་གནས་ཚུལ་སྤེལ་བར་གཞིགས་ན་སྲིད་བྷའི་ཌན་གྱིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་ཆེ་མོའི་ལས་དོན་བྱེད་ཕྱོགས་ལ་བསྐྱར་བཅོས་ཤུགས་ཆེར་བྱེད་དགོས་པ་དང་། སྲིད་འཛིན་ལ་ནག་ཉེས་འཛུགས་མི་ཆོག་པ་གཏན་ནས་མེད་པར་བཟོ་རྒྱུ་སོགས་དེ་མིན་རྩ་ཁྲིམས་ལ་བསྐྱར་བཅོས་ཀྱི་ཁྲིམས་འཆར་གསར་པ་མང་པོ་ཞིག་གསལ་བསྒྲགས་གནང་རྒྱུའི་བང་རིམ་བསྒྲིགས་ཡོད་པ་དང་། དེའི་ཁོངས་སུ་ཁྲིམས་དཔོན་ཚོའི་ལས་དུས་ལ་ཚོད་འཛིན་བྱ་རྒྱུའི་གྲོས་འཆར་ངོ་སྤྲོད་གནང་འཆར་ཡོད་རེད་ཅེས་གནས་ཚུལ་སྤེལ་འདུག

ཨེ་པི་དང་ཨེ་ཨེཧྥ་པི་གསར་ཁང་། ནིའུ་ཡོག་ཀྲཱིམྶ་བཅས་ནས་བཏུས།

གསར་འགོད་པ། འཕྲིན་ལས་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG