ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

སྲིད་འཛིན་བྷའི་ཌན་གྱིས་བོད་དོན་ཁྲིམས་འཆར་ལ་མཚན་རྟགས་བཀོད་འདུག


སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་ཁྲིམས་ཡིག
སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་ཁྲིམས་ཡིག

རེས་གཟའ་པ་སངས་ཉིན་ཨ་རིའི་སྲིད་འཛིན་ཇོ་བྷའི་ཌན་གྱིས་བོད་ཀྱི་དཀའ་རྙོག་སེལ་དགོས་པའི་ཁྲིམས་འཆར་ལ་མཚན་རྟགས་བཀོད་ནས་ཨ་རི་གཞུང་གི་ལག་བསྟར་ཁྲིམས་ཡིག་ལ་གཏན་ལ་ཕབ་འདུག་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་ཁྲིམས་ཡིག་དེས་རྒྱ་ནག་གིས་བོད་བཙན་བཟུང་བྱེད་བཞིན་པ་དེ་ཞི་བའི་ངང་གྲོས་མོལ་བརྒྱུད་དེ་འགྲིགས་འཇགས་བྱེད་དགོས་པར་ཨ་རི་གཞུང་གིས་བརྡ་འདོན་བྱས་པ་རེད་ཅེས་བཀོད་འདུག

སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་ཁྲིམས་ཡིག་དེའི་མིང་ལ་བོད་ཀྱི་དཀའ་རྙོག་སེལ་བའི་ཁྲིམས་ཡིག་ཅེས་བརྗོད་ཀྱི་ཡོད་ཅིང་། ཁྲིམས་ཡིག་དེའི་ནང་བོད་དོན་དེ་རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཞི་བའི་ངང་གྲོས་མོལ་བརྒྱུད་སེལ་ཐབས་བྱེད་དགོས་པ་དེ་ཨ་རི་གཞུང་གི་སྲིད་ཇུས་ཡིན་ཞེས་བཀོད་ཡོད་པ་མ་ཟད། ཁྲིམས་ཡིག་དེས་རྒྱ་ནག་གཞུང་ལ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་སྐོར་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་དང་། རྒྱ་ནག་གི་འཁྱོགས་བཤད་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ལན་འདེབས་བྱེད་དགོས་པ་ཡིན་ཞེས་གསལ་ཡོད་པ་རེད།

གསར་འགོད་བསྒྲགས་གཏམ་དེའི་ནང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་བོད་ཀྱི་དཀའ་རྙོག་སེལ་དགོས་པའི་ཁྲིམས་ཡིག་དེས་རྒྱ་ནག་གིས་བོད་མིར་སྡུག་རྩུབ་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་དེའི་རྙིང་ལ་རྨ་ཁ་བཟོས་པ་དང་། བོད་མི་མང་ལ་མཚོན་ན་རེ་བའི་གཏམ་བཟང་ཞིག་རེད། བོད་མི་ཚོས་ཞི་བའི་ནང་རང་དབང་འཐབ་རྩོད་དང་མང་གཙོའི་རང་དབང་སྲུང་སྐྱོང་བྱེད་ཀྱི་ཡོད་པ་དེར་འཛམ་གླིང་ཡུལ་གྲུ་གཞན་ཚོས་ཀྱང་འགན་འཁུར་ལེན་དགོས་པར་བསྐུལ་དེད་བྱེད་ཀྱི་ཡོད་ཅེས་གསུངས་འདུག

སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་ཁྲིམས་ཡིག་དེའི་མིང་ལ་བོད་ཀྱི་དཀའ་རྙོག་སེལ་བའི་ཁྲིམས་ཡིག་ཅེས་བརྗོད་ཀྱི་ཡོད་ཅིང་།
སྲིད་འཛིན་གྱིས་མཚན་རྟགས་བཀོད་པའི་ཁྲིམས་ཡིག་དེའི་མིང་ལ་བོད་ཀྱི་དཀའ་རྙོག་སེལ་བའི་ཁྲིམས་ཡིག་ཅེས་བརྗོད་ཀྱི་ཡོད་ཅིང་།

སྲིད་འཛིན་བྷའི་ཌན་གྱིས་ཁྲིམས་ཡིག་དེར་མཚན་རྟགས་མ་བཀོད་གོང་ཙམ་ལ་ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་དེ་འགོ་འདོན་གནང་མཁན་གྲོས་ཚོགས་འཐུས་མི་ཁག་གཅིག་བརྙན་དཔར་ཐོག་གཏམ་བཤད་ཕྱིར་བསྒྲགས་གནང་བའི་ནང་གྲོས་ཚོགས་འཐུས་མི་ཇིམ་ མེཀྐོར་ཝིན་གྱིས་ཁྲིམས་འཆར་དེར་སྲིད་འཛིན་བྷའི་ཌན་གྱིས་མཚན་རྟགས་བཀོད་རྗེས་ཨ་རིའི་ཁྲིམས་ཡིག་ཆགས་རྒྱུ་ཡིན་པ་དང་། བོད་མི་མང་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་གཙོས་རྒྱལ་སྤྱིའི་ཁྲིམས་ལུགས་ནང་གསལ་པའི་རང་དབང་རྣམས་ལོངས་སུ་སྤྱོད་ཆོག་པ་དེར་ཨ་རིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ཨ་རིའི་སྲིད་དོན་ཚོགས་གཉིས་ཀས་རྒྱབ་སྐྱོར་ཡོད་པའི་ཁྲིམས་འཆར་དེ་གཏན་ལ་ཕབ་རྗེས་ལོ་བཅུ་ཕྲག་འགའ་ཤས་གོང་ནས་ཡོད་པའི་དཀའ་རྙོག་སེལ་ནས་བོད་མིར་རང་སྲིད་རང་སྐྱོང་དང་འཛིན་སྐྱོང་གི་ཐོབ་ཐང་སྤྲོད་རྒྱུར་ཨ་རིའི་སྲིད་ཇུས་ལྟར་གྲོས་མོལ་འགོ་འཛུགས་བྱེད་དགོས། དེ་ལྟར་བྱེད་རྒྱུར་བོད་མི་ཚོ་འདོད་པ་ཡོད་པས་རྒྱ་ནག་གཞུང་གིས་གྲོས་མོལ་ལ་ཡོང་དགོས། ད་ནས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་དང་རིག་གཞུང་གི་ཐད་རྒྱ་ནག་གིས་འཁྱོགས་བཤད་གཏན་བྱེད་མི་རུང་ཞེས་གསུངས་འདུག་པ་དང་། གྲོས་ཚོགས་གོང་མའི་འཐུས་མི་ཊོཌ་ ཡང་གིས་ངོས་ནས་ད་བར་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་ཞི་བའི་ངང་འགྲིགས་འཇགས་ཡོང་ཐབས་ལ་ལོ་མང་ལས་ཀ་བྱས་ཡོད་པ་དང་། རྒྱུན་རིང་ལས་ཀ་བྱས་རྗེས་ད་ཆ་ཁྲིམས་ཡིག་དེ་སྲིད་འཛིན་གྱི་མཚན་རྟགས་འགོད་རྒྱུར་ཕུལ་ཡོད། ལས་དོན་དེར་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་ཧུར་བསྐྱེད་ཆེན་པོས་ལས་ཀ་བྱས་པ་དེར་ཡི་རང་བསྔགས་བརྗོད་ཡོད་ཅེས་གསུངས་འདུག

ད་ལམ་སྲིད་འཛིན་བྷའ་ཌན་གྱིས་བོད་དོན་ཁྲིམས་ཡིག་ལ་མཚན་རྟགས་བཀོད་པ་དེའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནང་ཡོད་བོད་དོན་དམིགས་བསལ་འབྲེལ་མཐུད་པས་རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པ་གཉིས་ཀྱིས་བོད་དང་འབྲེལ་བའི་འཁྱོགས་བཤད་ཀྱི་དྲིལ་བསྒྲགས་རིགས་ལ་ཐད་ཀར་ལན་འདེབས་བྱེད་དགོས་པ་དང་། འཁྱོགས་བཤད་ཀྱི་དྲིལ་བསྒྲགས་དེ་རིགས་ལ་ཨ་རི་གཞུང་གི་གཏམ་བཤད་དང་ཡིག་ཆ་བརྒྱུད་དེ་འགག་ལན་བྱེད་དགོས་ཞེས་གསལ་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་གནའ་བོའི་དུས་ནས་བོད་རྒྱ་ཁོངས་ཡིན་ལུགས་དངོས་བདེན་མིན་པའི་དྲིལ་བསྒྲགས་ལ་ཨ་རི་གཞུང་གིས་ངོས་ལེན་མེད་ཅིང་། ༧གོང་ས་མཆོག་གི་སྐུ་ཚབ་བམ། ཡང་ན་འོས་འདེམས་བྱས་པའི་བོད་མིའི་དབུ་ཁྲིད་ཚོའི་དབར་ཆ་རྐྱེན་མེད་པར་དོན་དམ་གྱི་གྲོས་མོལ་བྱེད་དགོས་པར་རྒྱ་ནག་གཞུང་ལ་བསྐུལ་མ་བྱེད་ཀྱི་ཡོད་ཅེས་སོགས་བཀོད་ཡོད་པ་རེད།

གསར་འགོད་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG