ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གི་དྲ་རྒྱ་བེད་སྤྱོད་བྱེད་མཁན་ཚོས་ཨ་རིའི་ལུས་རྩལ་བ་ཚོས་ངར་སྨན་བེད་སྤྱོད་གཏོང་གི་འདུག་ཅེས་སྐྱོན་འཛུགས།


ཨོ་ལིམ་པིག་རྩེད་འགྲན་ཐོག་གསེར་གྱི་རྟགས་མ་ཐོབ་མཁན་ཨ་རིའི་རྩེད་འགྲན་པ་ཐོ་རི་ཧ་སི་ཁེ།
ཨོ་ལིམ་པིག་རྩེད་འགྲན་ཐོག་གསེར་གྱི་རྟགས་མ་ཐོབ་མཁན་ཨ་རིའི་རྩེད་འགྲན་པ་ཐོ་རི་ཧ་སི་ཁེ།

ཉེ་ཆར་རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ། ཨ་རིའི་ཆུ་རྐྱལ་རྩེད་འགྲན་པས་ལུས་སྟོབས་སྐྱེད་བྱེད་ཀྱི་ངར་སྨན་བེད་སྤྱོད་བྱས་ཚུལ་གྱི་རྫུན་གཏམ་ཁྱབ་གདལ་ཤུགས་ཆེ་ཕྱིན་ཏེ། རྒྱ་ནག་གི་མི་རིགས་རིང་ལུགས་པ་དང་དཔྱད་བརྗོད་པ་མང་པོས་ཨ་རིའི་བུད་མེད་ཆུ་རྐྱལ་རྩེད་འགྲན་པ་མང་པོའི་འགྲན་བསྡུར་རྗེས་ཀྱི་གདོང་པ་དམར་པོ་ཆགས་པའི་འདྲ་པར་བཀྲམས་ནས། ཨ་རིའི་རྩེད་འགྲན་པ་ཚོའི་གདོང་པ་དམར་ཞིང་སྨུག་པོ་ཆགས་པ་དེས་ངར་སྨན་བེད་སྤྱོད་བྱས་པའི་རྟགས་རེད་ཅེས་འུར་བརྗོད་བྱེད་བཞིན་འདུག དེ་བཞིན་རྒྱ་ནག་གི་ཧྥུ་ཏན་སློབ་ཆེན་གྱི་རྒྱལ་སྤྱིའི་ཆབ་སྲིད་སློབ་གླིང་གི་དགེ་རྒན་ཧྲེན་དབྱི་ཡིས་ཨ་རིའི་རྩེད་འགྲན་པ་ཚོ་ནི་སྨན་རྫས་བེད་སྤྱོད་མི་བྱེད་མཁན་གྱི་སྲོག་ཆགས་རིགས་ཤིག་ཡིན་པའི་རྐྱེན་གྱིས་ཁོ་ཚོས་ཆུ་ཧ་ཅང་མགྱོགས་པོ་རྐྱལ་གྱི་འདུག་ཅེས་ཟུར་ཟའི་སྐད་ཆ་བཤད་ཁུལ་བྱས་འདུག

འདས་པའི་ཉིན་ཤས་རིང་། རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཐོག་ཏུ་ཨ་རིའི་རྩེད་འགྲན་པ་ཐོ་རི་ཧ་སི་ཁེ་Torri Huske ལ་ངར་སྨན་བེད་སྤྱོད་བྱས་པའི་སྐྱོན་འཛུགས་མང་ཤོས་ཕོག་ཡོད་ཀྱང་། དོན་དངོས་སུ་ཧ་སི་ཁེའི་སྒེར་གྱི་སྤྱི་ཚོགས་དྲ་ལམ་སྟེང་བཞག་པའི་འདྲ་པར་ལས་མཐོང་ཐུབ་པ་ནི། མོའི་གདོང་པར་རྒྱུན་དུ་ནས་དམར་ཐིག་ཡོད་པ་ཞིག་རེད། སྤྱི་ཟླ་༨ པའི་ཚེས་༡ ཉིན་གྱི་བར་དུ། ཐེངས་འདིའི་ཨོ་ལིམ་པིག་འགོ་ཚུགས་པ་ནས་བཟུང་། ཨ་རིའི་རྩེད་འགྲན་པ་ཚོས་ཆུ་རྐྱལ་རྩེད་འགྲན་ཐོག་ཏུ་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་༤༠ ལྷག་ཐོབ་ཡོད་པ་དང་། རྒྱ་ནག་གི་རྩེད་འགྲན་པ་ཚོས་ཆུ་རྐྱལ་རྩེད་འགྲན་སོགས་ཀྱི་ཁྲོད་རྟགས་མ་༣༠ ་ལས་ཐོབ་མེད། འོན་ཀྱང་རྒྱ་ནག་གི་རྩེད་འགྲན་པ་ཕན་ཀྲན་ལེས་སྤྱི་ཟླ་༨ པའི་ཚེས་༡ ཉིན་སྐྱེས་པའི་སྨི་༡༠༠ རྐྱལ་རྩལ་འགྲན་བསྡུར་ཐོག་གསེར་ཀྱི་རྟགས་མ་ཐོབ་པ་དེ་ལ་རྒྱ་ནག་གི་དྲ་རྒྱ་བེད་སྤྱོད་མཁན་ཚོས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་དང་། ཨ་རིའི་རྩེད་འགྲན་པ་གཉིས་ནི་གནས་རིམ་བདུན་པ་དང་བརྒྱད་པ་ལ་མ་གཏོགས་སླེབས་མེད་སྟབས། རྒྱ་ནག་གི་དྲ་རྒྱ་བེད་སྤྱོད་མཁན་ཚོས་ཨ་རི་བ་ཚོས་ངར་སྨན་བེད་སྤྱོད་བྱས་ཀྱང་རྒྱ་ནག་མི་མང་གི་འགྲན་ཟླ་བྱེད་མི་ཐུབ་པ་གསལ་པོ་བསྟན་ཡོད་པ་རེད་ཅེས་འུར་སྒྲོག་བྱས་འདུག

རྒྱ་ནག་གི་རྩེད་འགྲན་པ་ཚོ་ངར་སྨན་བེད་སྤྱོད་བྱས་ཡོད་པའི་དཀའ་རྙོག་ལས་ཐར་མེད་པ།

རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བདེན་དཔང་གང་ཡང་མེད་པར་གང་བྱུང་མ་བྱུང་ཨ་རིའི་རྩེད་འགྲན་པར་ངར་སྨན་བེད་སྤྱོད་བྱས་ཚུལ་གྱི་སྐྱོན་འཛུགས་བྱེད་བཞིན་པའི་སྐབས་འདིར། ཉེ་བའི་ལོ་ཤས་ནང་རྒྱ་ནག་གི་རྩེད་འགྲན་པ་ཚོ་སྨན་རྫས་རིགས་ལོག་པར་བེད་སྤྱོད་ཀྱི་རྙོག་དྲ་ཆེན་པོའི་ནང་ཚུད་ཡོད་ཅིང་། ནིའུ་ཡོག་དུས་བབ་གསར་ཤོག་གིས་ད་ལོའི་སྤྱི་ཟླ་༤ པར་སྤེལ་བའི་གནས་ཚུལ་ནང་འཁོད་དོན་ལྟར་ན། ཐེངས་སྔོན་མའི་ཨོ་ལིམ་པིག་མ་སླེབས་གོང་ལ། རྩེད་འགྲན་པ་ཚོར་ལུས་པོ་བརྟག་དཔྱད་བྱེད་དུས། རྒྱ་ནག་གི་ཆུ་རྐྱལ་རྩེད་འགྲན་པ་༢༣ ཙམ་གྱིས་ངར་སྨན་བེད་སྤྱོད་བྱས་ཡོད་པ་ཤེས་རྟོགས་བྱུང་འདུག གྲངས་འབོར་དེ་ནི་རྒྱ་ནག་གཞུང་གིས་ལོ་དེར་ཉི་ཧོང་གི་ཐོ་ཁྱོག་ཏུ་འགྲན་བསྡུར་བྱས་པར་མངགས་པའི་ཆུ་རྐྱལ་རྩེད་འགྲན་པའི་བསྡོམས་འབོར་གྱི་ཕྱེད་ཀ་ལས་མང་བ་ཡིན་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་དེ་དོན་ཞིབ་བཤེར་བྱས་རྗེས་འཛམ་གླིང་ངར་སྨན་འགོག་མཁན་གྱི་ལས་ཁུངས་ལ། རྒྱ་ནག་གི་རྩེད་འགྲན་པ་ཚོས་གནས་ཚུལ་མ་ཤེས་པའི་ངང་ནས་བཀག་སྡོམ་བྱས་པའི་སྨན་རྫས་ནོར་འཁྲུལ་གྱིས་ཟོས་པ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་དང་། འཛམ་གླིང་ངར་སྨན་འགོག་མཁན་གྱི་ལས་ཁུངས་ཀྱིས་འགྲེལ་བཤད་དེ་ངོས་ལེན་བྱས་ནས་རྒྱ་ནག་གི་རྩེད་འགྲན་པ་ཚོ་འགྲན་བསྡུར་ཞུགས་བཅུག་ཡོད་པ་རེད།

ཉེ་ཆར་སྤྱི་ཟླ༧ པའི་ཚེས་༣༠ ཉིན། ནིའུ་ཡོག་དུས་བབ་ཀྱིས་སླར་ཡང་རྒྱ་ནག་གི་ཆུ་རྐྱལ་རྩེད་འགྲན་པ་གཉིས་ཀྱིས་༢༠༢༢ ལོར་ངར་སྨན་བེད་སྤྱོད་བྱས་པ་ཤེས་རྟོགས་བྱུང་བའི་གནས་ཚུལ་ཕྱིར་སྤེལ་བྱས་འདུག་ཅིང་། ད་ཆ་འཛམ་གླིང་ངར་སྨན་འགོག་མཁན་གྱི་ལས་ཁུངས་ཀྱིས་དོན་རྐྱེན་དེར་ཞིབ་འཇུག་བྱེད་བཞིན་པ་བསྟན་འདུག རྒྱ་ནག་གི་ངར་སྨན་འགོག་མཁན་ཚོགས་པས། ནིའུ་ཡོག་དུས་བབ་ཀྱིས་ངར་སྨན་གནད་དོན་དེ་བཞིན་ཆབ་སྲིད་ཅན་དུ་བསྒྱུར་ཏེ། རྒྱ་ནག་གི་མཚན་སྙན་ལ་དམའ་འབེབས་བྱེད་སྤྱད་ཀྱི་ལག་ཆར་བེད་སྤྱོད་གཏོང་བཞིན་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་པར་མ་ཟད། དེའི་དམིགས་ཡུལ་གཙོ་བོ་ནི་པེ་རི་སིའི་ཨོ་ལིམ་པིག་འགྲན་ཚོགས་ཀྱི་ཆུ་རྐྱལ་འགྲན་བསྡུར་གྱི་གོ་རིམ་ལ་འཁྲུག་ཆ་བཟོ་རྒྱུ་དང་། རྒྱ་ནག་གི་རྩེད་འགྲན་པ་ཚོའི་སེམས་ཁམས་ལ་ཤུགས་རྐྱེན་ངན་པ་ཐེབས་བཅུག་ནས་འགྲན་རྩོད་ཀྱི་ནུས་པ་ཉམས་དམས་སུ་གཏང་རྒྱུ་དེ་རེད་ཅེས་གསལ་བསྒྲགས་བྱས་འདུག

རྒྱ་ནག་གི་བརྗོད་ཚུལ་དེར་རྒྱ་ནག་ནང་གི་མི་མང་པོས་མོས་མཐུན་བྱེད་བཞིན་པ་དང་། ཁོ་ཚོས་ངར་སྨན་གྱི་རྙོག་དྲ་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་གནོན་བཙིར་བྱ་ཆེད་བསམ་བཞིན་དུ་བཟོས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ལྷག་དོན་དུ་ཉེ་བའི་ལོ་ཤས་ནང་། རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ནང་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་ནག་ལ་"གཉའ་གནོན་" བྱེད་པ་ནི་རྒྱ་ནག་གི་སྟོབས་འབྱོར་ཁོང་ཚོའི་གོ་བབ་ལས་བརྒལ་འགྲོ་རྒྱུར་འཇིགས་སྣང་སྐྱེས་པས་ཡིན་པའི་བཤད་ཚུལ་ཞིག་དར་ཁྱབ་བྱུང་ཡོད་སྟབས། ངར་སྨན་གྱི་རྙོག་དྲའི་ཐད། མི་རིགས་རིང་ལུགས་ཀྱི་ཚོར་བ་ཤུགས་ཆེན་པོ་ཡོད་པའི་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་མི་མང་པོས་རྒྱ་ནག་གི་བརྗོད་ཚུལ་དེ་བརྒྱུད་སྤེལ་བྱེད་ཀྱི་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG