ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

རྒྱ་ནག་གི་བཙོན་ཁང་ནས་གློད་དཀྲོལ་ཐོབ་པའི་ཧོང་ཀོང་གི་གཞོན་སྐྱེས་ཚོར་འཚོ་ཐབས་བསྐྱར་གསོའི་དཀའ་ངལ།


རང་ལོ་༣༠སོན་པའི་ཧོང་ཀོང་གི་གཞོན་སྐྱེས་ཇོ་ཀར་ཅན་
རང་ལོ་༣༠སོན་པའི་ཧོང་ཀོང་གི་གཞོན་སྐྱེས་ཇོ་ཀར་ཅན་

ཨེ་པི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གཞུང་གིས་དྲག་གནོན་སྲིད་བྱུས་འོག་བཙོན་ཁང་དུ་སྡོད་དགོས་བྱུང་རྗེས་བཙོན་དཀྲོལ་བྱུང་བའི་ཧོང་ཀོང་གི་གཞོན་སྐྱེས་ཚོར་ད་ཆ་འཚོ་བའི་མཐུན་རྐྱེན་མཁོ་གྲུབ་བྱ་རྒྱུར་དཀའ་ངལ་འཕྲད་ཀྱི་འདུག་ཅེས་བཀོད་འདུག དེ་ཡང་ཧོང་ཀོང་གི་གཞོན་སྐྱེས་ཇོ་ཀར་ཅན་གྱིས་ཨིནསི་ཀྲ་གྷ་རམ་བརྒྱུད་ལམ་ཐོག་ངོ་རྒོལ་སྒེར་ལངས་སྐུལ་སློང་གི་བརྗོད་ཚིག་འདོན་སྤེལ་བྱས་ཡོད་ལུགས་སྐྱོན་བརྗོད་ཀྱིས་ཐོག་མར་ཟླ་བ་ལྔའི་བཙོན་འཇུག་ཉེས་ཆད་བཏང་རྗེས་གློད་དཀྲོལ་ཐོབ་འདུག་ཀྱང་། ད་ཆ་ཁོང་ལ་འདོད་བློ་ཁེངས་པའི་ལས་ཀ་མ་ཐོབ་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པ་རེད། རང་ལོ་༣༠སོན་པའི་ཧོང་ཀོང་གི་གཞོན་སྐྱེས་ཇོ་ཀར་ཅན་གྱིས་ཕྱི་ལོ་༢༠༢༢ལོར་ཧོང་ཀོང་ལ་རང་དབང་དགོས། ང་ཚོའི་དུས་ཀྱི་གསར་བརྗེ་སྒེར་ལངས་ཅེས་བྲིས་པའི་ཡིག་སྦྱང་དེ་དྲ་ལམ་ཐོག་འདོན་སྤེལ་བྱས་ཡོད་པ་དང།་ བརྗོད་ཚིག་དེ་ནི་ཕྱི་ལོ་༢༠༡༩ལོར་ཧོང་ཀོང་ནང་མང་ཚོགས་ཀྱིས་གཞུང་ལ་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་མཚམས་མ་ཆད་པ་བྱས་སྐབས་སྐད་འབོད་ཀྱི་བརྗོད་ཚིག་གཙོ་བོར་གྱུར། གཞུང་འབྲེལ་མཐོ་རིམ་དཔོན་རིགས་ཚོས་ངོ་རྒོལ་སྒེར་ལངས་ཀྱི་བརྗོད་བབ་དེ་དག་གིས་ཧོང་ཀོང་དེ་བཞིན་རྒྱ་ནག་ནས་ཁ་བྲལ་ལོགས་སུ་ཐོན་ཐབས་ཀྱི་བྱ་སྤྱོད་ལ་ངོས་འཛིན་བྱས་ཡོད།

ཧོང་ཀོང་གི་གཞོན་སྐྱེས་ཅན་བཙོན་ཁང་ནས་གློད་དཀྲོལ་ཐོབ་ཡོད་ནའང་། མཐོ་རིམ་འགོ་ཁྲིད་ཚོས་དེ་སྔ་ཅན་མ་བྱན་ཆེན་མོའི་ལས་ཀ་བྱེད་སའི་མགྲོན་ཁང་དེའི་ནང་བསྐྱར་དུ་ལས་ཀ་བྱེད་དུ་བསྐྱོད་མི་ཆོག་པའི་དམ་བསྒྲགས་བྱས་ཡོད། ཁོང་གི་རྐང་པ་དང་ལག་པ། མཇིང་པ་བཅས་ཀྱི་སྟེང་གཞུང་ལ་ངོ་རྒོལ་བྱས་པའི་སྐབས་ཀྱི་བརྗོད་ཚིག་དང་འབྲེལ་བ་ཡོད་པ་འགའ་ཞིག་བྲིས་བཀོད་བྱས་ཡོད་སྟབས་ལས་ཀ་འཚོལ་རྒྱུར་དཀའ་ངལ་དེ་དུང་ཆེ་བ་འཕྲད་ཀྱི་ཡོད་ཅིང་། ད་ལྟའི་ཆར་ཁོང་གིས་ཟ་ཁང་ཞིག་གི་ནང་ཁ་ལག་སྐྱེལ་མཁན་གྱི་ལས་ཀ་བྱེད་ཀྱི་ཡོད་པ་དང་། གླ་ཆ་ནི་དེ་སྔ་ལས་སྡེབ་གཅིག་ཉུང་བ་ཐོབ་ཀྱི་ཡོད་ཅིང་། ཁོང་གི་གྲོགས་པོ་འགའ་ཤས་ཀྱིས་ཉེན་རྟོག་པ་ཚོས་འདྲི་བརྩད་བྱས་ཡོང་སྙམ་པའི་ཞེད་སྣང་བྱས་ཏེ་ཁོང་དང་འབྲེལ་ཐག་རིང་དུ་བཏང་འདུག་པ་མ་ཟད། ཁོང་གི་ཕ་མ་ཚོས་ཀྱང་ཁོང་གི་བྱ་སྤྱོད་ལ་བློ་ཕམ་ཆེན་པོ་བྱེད་ཀྱི་ཡོད། དེ་ཡང་ཁོང་གིས་ང་རང་ནི་ཅི་བྱ་གཏོལ་མེད་དང་སྐྱབས་མེད་མགོན་མེད་ཀྱི་གནས་སྟངས་ནང་ཡོད་ཅེས་བརྗོད་འདུག་ ཁོང་གིས་སྟོད་ཐུང་ནག་པོ་ཞིག་གྱོན་ཡོད་པ་དང་། དེའི་སྟེང་ལ་ང་ཧོང་ཀོང་བ་ཡིན་ཞེས་བྲིས་ཡོད།

ལོ་ལྔའི་གོང་དུ་རྒྱ་ནག་གཞུང་གིས་ཆབ་སྲིད་དང་འབྲེལ་ནས་ཧོང་ཀོང་མང་གཙོ་དོན་གཉེར་བ་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱས་སྐབས་ཧོང་ཀོང་གི་གཞོན་སྐྱེས་ཚོས་གཞུང་ལ་ངོ་རྒོལ་ཤུགས་ཆེ་བྱས་པའི་རིང་གཞོན་སྐྱེས་མང་པོ་གཅིག་འཛིན་བཟུང་བྱས་པ་དང་ བཙོན་འཇུག་བྱས་ཡོད་ཅིང་། གཞོན་སྐྱེས་དེ་དག་ནི་སྐད་གྲགས་ཆེ་བའི་ལས་འགུལ་བ་མིན་པར་བརྟེན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ཚོ་དང་ཁོང་ཚོའི་གནས་སྟངས་སྐོར་གང་ཡང་ཤེས་རྟོགས་མེད། འོན་ཀྱང་གཞོན་སྐྱེས་དེ་དག་གིས་ཧོང་ཀོང་ནང་མང་གཙོ་སྲུང་སྐྱོབ་བྱ་རྒྱུར་དམིགས་ཡུལ་བཟུང་ནས་ཞི་རྒོལ་བྱས་པ་ཞིག་ཆགས་ཡོད་ཅིང་། དེ་སྔ་ལོ་ལྔའི་གོང་དུ་ཧོང་ཀོང་ནང་གཞོན་སྐྱེས་མང་གཙོ་དོན་གཉེར་བ་ཚོས་ངོ་རྒོལ་སྒེར་ལངས་བྱས་པ་ནས་བཟུང་རྒྱ་ནག་གིས་ཧོང་ཀོང་ནང་བདེ་འཇགས་དང་འབྲེལ་བའི་ཁྲིམས་གཞི་གཏན་འབེབས་བྱས་པར་ངོ་རྒོལ་དྲག་ཟིང་སློང་མཁན་ཡིན་པར་ངོས་འཛིན་བྱ་ཡུལ་མི་སྣ་༡༠༢༠༠ལྷག་ཙམ་ཞིག་འཛིན་བཟུང་བྱས་ཡོད། ཧོང་ཀོང་གི་མང་གཙོ་དོན་གཉེར་བ་ཁྲན་གཙོས་པའི་ཧོང་ཀོང་བ་མང་པོ་ཞིག་གིས་དེ་སྔ་ཕྱི་ལོ་༡༩༩༧ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་ནས་བཟུང་ ཧོང་ཀོང་ནང་མང་གཙོའི་ལམ་ལུགས་ཀྱི་རང་དབང་ཆེ་ཙམ་སོན་ཐབས་སུ་འཐབ་རྩོད་བྱས་ཡོད་པ་རེད།

ཨེ་པི་གསར་སྤེལ་ལས་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་ལ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG