ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༡/༡༥

རྒྱ་ནག་ལ་ཐན་པ་བྱུང་སྟེ་ཞིང་པའི་ལོ་ཏོག་སྐམ་པའི་དཀའ་ངལ།


中国最大淡水湖鄱阳湖因干旱而大面积枯竭露出干裂的湖底,曾经的湖中小岛与陆地相连。(2022年8月24日)
中国最大淡水湖鄱阳湖因干旱而大面积枯竭露出干裂的湖底,曾经的湖中小岛与陆地相连。(2022年8月24日)

ད་ལྟ་རྒྱ་ནག་ལ་སྟོན་ཟླ་འཆར་གྲབས་ཡོད་ཀྱང་ལོ་འདིར་ཐན་པ་ཚབས་ཆེན་བྱུང་སྟེ་ཞིང་པའི་ལོ་ཏོག་རྣམས་སྐམ། དེའི་ཁར་རྒྱ་ནག་ལ་གནམ་གཤིས་ཚ་དྲོད་ཀྱི་ཟིན་ཐོ་འགོད་རྒྱུ་འགོ་བཙུགས་ནས་བཟུང་སྟེ་བྱུང་མྱོང་མེད་པའི་ཚ་གདུག་འཕྱུར། ཞིང་པ་ཚོར་ལོ་ཏོག་ཅུང་ཟད་བསྡུ་རྒྱུ་ཡོད་པ་རྣམས་ཀྱང་ཚད་པ་ཆེ་དྲགས་པས་བསྡུ་དཀའ་བར་གྱུར་འདུག

༄༅།། ད་ལྟ་རྒྱ་ནག་ལ་སྟོན་ཟླ་འཆར་གྲབས་ཡོད་ཀྱང་ལོ་འདིར་ཐན་པ་ཚབས་ཆེན་བྱུང་སྟེ་ཞིང་པའི་ལོ་ཏོག་རྣམས་སྐམ། ད་དུང་དེའི་ཁར་རྒྱ་ནག་ལ་གནས་གཤིས་ཚ་དྲོད་ཀྱི་ཟིན་ཐོ་འགོད་རྒྱུ་འགོ་བཙུགས་ནས་བཟུང་སྟེ་བྱུང་མྱོང་མེད་པའི་ཚ་གདུག་འཕྱུར། ཞིང་པ་ཚོར་ལོ་ཏོག་ཅུང་ཟད་བསྡུ་རྒྱུ་ཡོད་པ་རྣམས་ཀྱང་ཚད་པ་ཆེ་དྲགས་པ་དང་གློག་ཆད་པ་སོགས་ཀྱིས་བསྡུ་དཀའ་བར་གྱུར། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་མི་མང་ལ་སྟོན་ཐོག་སྐྱེས་ཡོད་པ་རྣམས་ངེས་པར་དུ་བསྡུ་ཐབས་བྱ་དགོས་ཞེས་ནན་གྱིས་བསྐུལ། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་རྒྱ་ནག་ལ་ཐན་པ་དང་ཆུ་ལོག ཚད་པ་བཅས་ཀྱི་གནོད་འཚེ་བྱུང་སྟེ་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་ཆེན་པོ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཉེ་ཆར་རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་གྱི་ཞིང་པ་གན་པིང་ཏུང་ཟེར་བ་ཞིག་གིས་མཉམ་འབྲེལ་གསར་ཁང་ལ་བཤད་པ་ལྟར་ན། ཁོ་པའི་ས་ཞིང་གི་འཁྲིས་སུ་ས་གནས་དེའི་ཆུ་མཛོད་ཡོད་པ་དེའི་ནང་གི་ཆུ་རྣམས་སྐམ་སྟེ་སྟོང་པར་འགྱུར་གྲབས་འདུག ཆུ་ཉུང་ཉུང་ཞིག་ལྷག་ཡོད་པ་རྣམས་ཀྱང་ཆུ་རགས་ཀྱི་གས་སྲུབས་ཁག་ནས་བཞུར་འགྲོ་ཡི་འདུག ཐན་པ་དང་ཚ་གདུག་གིས་རྒྱུག་ཆུ་དང་སྐྱིལ་ཆུ་རྣམས་སྐམ་རྒྱུ་ཇེ་མགྱོགས་སུ་བཏང་སོང་། ང་ལ་རི་མགོར་ས་ཞིང་ཡོད་པ་དེའི་ལོ་ཏོག་རྣམས་ཐན་པས་སྐམ་སྟེ་བསྡུ་རྒྱུ་མེད་པ་དང་དྲོད་ཁང་ནང་དུ་ཨ་འབྲའི་ཤིང་སྡོང་བརྒྱ་ཕྲག་མང་པོ་བཙུགས་ཡོད་པ་དེ་དག་ལ་ཤིང་ཏོག་ཨ་འབྲ་ཐོགས་ཏེ་སེར་ལྷམ་མེར་མགོ་བོ་བཏུད་ཡོད་པ་ཞིག་ལ་འགྱུར་དགོས་ཀྱང་ཐམས་ཅད་སྐམ་འདུག ཁྲུང་ཆིང་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ཚ་བ་སེལ་སེ་སི་༤༡་གམ། ཡང་ན་ཧྥེ་རོན་ཧ་ཡེ་ཊི་༡༠༤་ལ་བསླེབས་ནས་ངའི་སྔོ་ཚོད་ཀྱི་ཐོན་སྐྱེད་ཕྱེད་ཀ་ལྷག་སྐམ་སོང་། འབྲི་ཆུ་བྲི་ནས་རྒྱ་ནག་དབུས་ཕྱོགས་ཀྱི་ས་གནས་ཡོད་དོ་ཅོག་ལ་ཐན་པ་བྱུང་སྟེ་ཞིང་པའི་ལོ་ཏོག་རྣམས་སྐམ། ངས་སྔོ་ཚོད་རྡོ་ལུ་མ་བཏབ་པ་རྣམས་ནི་འབྲི་སེའུའི་ཆེ་ཆུང་ལས་སྐྱེས་མི་འདུག ཆུ་མཛོད་ནང་གི་ཆུ་སྐམ་པའི་རྗེས་སུ་ས་འོག་ནས་ཆུ་འཐེན་དགོས་ཀྱི་འདུག ད་ལོའི་ཚད་པའི་དཀྱིལ་དུ་ཅི་ཡང་སྒྲུབ་ཐུབ་ཀྱི་མི་འདུག་ཅེས་བཀྲལ།།

ཁ་སང་ཕྱི་ཚེས་༢༤་ཉིན་ཧྥ རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་ལོ་༦༠་རིང་རྒྱ་ནག་ལྷོ་ཕྱོགས་སུ་བྱུང་མྱོང་མེད་པའི་ཚ་གདུག་འཕྱུར། ཆར་ཆུ་དུས་སུ་མི་འབབ་པར་ཞིང་ལས་ཐོན་སྐྱེད་ལ་གནོད་འཚེ་ཚབས་ཆེན་ཕོག གཟའ་འཁོར་འདིར་རྒྱ་ནག་གི་ལྷན་ཁང་བཞིས་མི་དམངས་ལ་ཆུ་ཐིགས་པ་གཅིག་ཀྱང་ཆུད་ཟོས་སུ་མི་གཏོང་བར་ལོ་ཏོག་ལ་སྲུང་སྐྱོབ་བྱ་དགོས། ཐན་པའི་ཞོར་དུ་ཚད་པ་རྒྱས་ནས་རྒྱ་ནག་ལ་སྟོན་འབྲས་བསྡུ་མེད་པའི་ཉེན་ཁ་འཕྲད་སྲིད་ཅེས་བཀོད་ཁྱབ་བཏང་འདུག རྒྱ་ནག་མི་དམངས་ཀྱིས་ལོངས་སུ་སྤྱོད་ཀྱི་ཡོད་པའི་གྲོ་དང་འབྲས། མ་རྨོས་ལོ་ཏོག་རྣམས་ཞིང་པ་ཚོས་གདབ་ཀྱི་ཡོད་པས་རྒྱལ་ནང་གི་འབྲུ་རིགས་ཐོན་སྐྱེད་ཉུང་དུ་ཕྱིན་ན་ཕྱི་ནས་འབྲུ་རིགས་ནང་འདྲེན་བྱ་དགོས། ཡུཀ་རེན་གྱི་དམག་འཁྲུག་གིས་འཛམ་གླིང་ཡོངས་ལ་འབྲུ་རིགས་ཀྱི་ཐོན་སྐྱེད་ཇེ་དཀོན་དུ་སོང་བ་དང་རྒྱ་ནག་ལ་མི་འབོར་མང་བའི་སྟོབས་ཀྱིས་འབྲུ་རིགས་ནང་འདྲེན་བྱེད་དགོས་ཚེ། གོ་ལའི་ཁྱོན་དུ་འབྲུ་རིགས་འདང་ངེས་མེད་པའི་དཀའ་ངལ་སྔར་ལས་ཆེ་རུ་བཏང་སྟེ་མུ་གེ་འབྱུང་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། དེང་སྐབས་རྒྱ་ནག་གི་ས་གནས་ཕལ་མོ་ཆེའི་གནམ་གཤིས་དྲོད་ཚད་ནི་སེལ་སེ་སི་༤༥་དང་ཧྥེ་རོན་ཧ་ཡེ་ཊི་༡༡༣་ལྷག་ལ་བརྒལ། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་མི་ཉུང་བ་ཞིག་གིས་ཆུ་བསྲི་ཚགས་དང་གློག་བསྲི་ཚགས་བྱེད་དགོས་པའི་ཁྲིམས་ཤིག་བཙན་གྱིས་ལག་ལེན་བསྟར། ཁ་སང་གཟའ་ལྷག་པའི་ཉིན་སི་ཁྲོན་ཞིང་ཆེན་གྱི་གནམ་གཤིས་དྲོད་ཚད་སེལ་སེ་སི་༤༤་དང་ཧྥེ་རོན་ཧ་ཡེ་ཊི་༡༡༡་ལ་བསླེབས། ཧྲང་ཧེ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀས་ཕྱི་ལོགས་ཀྱི་མཛེས་རྒྱན་ལ་སྦར་བའི་གློག་ཡོངས་རྫོགས་ཟུམ་དགོས་པའི་ཐག་བཅད། ཆུ་མཛོད་ཁག་གི་ཆུ་ཉུང་དུ་ཕྱིན་པའི་རྗེས་སུ་སི་ཁྲོན་ཞིང་ཆེན་གྱི་ས་གནས་ཁག་གི་བཟོ་གྲྭ་དེ་ཚོས་གློག་བཀོལ་སྤྱོད་བྱ་རྒྱུ་ཉུང་དུ་གཏོང་དགོས་ཞེས་བཀའ་ཕབ།།

བདུན་ཕྲག་སྔོན་མར་རྒྱ་གཞུང་གི་གསར་འགྱུར་ལས་ཁང་ཁག་གིས་ལོ་འདིའི་ཐན་པ་དང་ཚད་པས་འབྲི་ཆུ་བརྒྱ་ཆ་༥༠་སྐམ་པ་དང་འབྲི་ཆུའི་ཆུ་ལག་མང་ཆེ་བ་སྐམ་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་གི་གནམ་གཤིས་བརྟག་དཔྱད་ཁང་གིས་བོད་ཀྱི་ཤར་ཕྱོགས་ནས་རྒྱ་ནག་ལྷོ་ཕྱོགས་དང་ཤར་ཕྱོགས། རྒྱ་ནག་དབུས་ཕྱོགས་བཅས་ལ་ཐན་པ་འབྱུང་རྒྱུ་ཤུགས་ཆེ་རུ་ཕྱིན་འདུག ཅང་སུ་དང་ཨན་ཧུའི། སི་ཁྲོན་ཞིང་ཆེན་གསུམ་དང་ཧྲང་ཧེ། ཁྲུང་ཆིང་གྲོང་ཁྱེར་བཅས་ལ་སྐབས་ཤིག་གི་རིང་ཆར་པ་འབབ་ས་མ་རེད། ས་གནས་དེ་དག་གི་འབྲེལ་ཡོད་འགོ་ཁྲིད་ཚོས་ཆུའི་ཐོན་ཁུངས་ཁག་ལ་གཅེས་སྤྲས་དང་མི་ཟོག་གཉིས་ཀར་འཐུང་ཆུ་མི་ཆད་པའི་འབད་བརྩོན་བྱ་དགོས་ཞེས་བསྒྲགས། སི་ཁྲོན་ཞིང་ཆེན་གྱི་ས་གནས་ཁག་ཏུ་བཙུགས་ཡོད་པའི་བཟོ་གྲྭ་རྣམས་སྒོ་བརྒྱབ། ཚོང་ཁང་དང་ཟ་ཁང་། ལས་ཁུངས་ཁག་ལ་གྲང་གློག་གཏོང་མི་ཆོག་ཅེས་བཀག སི་ཁྲོན་ཞིང་ཆེན་ལ་མི་འབོར་ས་ཡ་༩༤་ཡོད་པ་དེ་དག་གིས་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་གློག་བརྒྱ་ཆ་༨༠་ཐམ་པ་ཆུ་ཤུགས་གློག་ཁང་ཁག་ནས་ཡོང་གི་ཡོད་མོད། འོན་ཀྱང་༢༠༢༢་ལོའི་ཐན་པ་དང་ཚ་གདུག་གིས་སི་ཁྲོན་ཞིང་ཆེན་གྱི་ཆུ་ཤུགས་གློག་ཁང་ཁག་གི་ཆུ་སྐམ་སྟེ་གློག་མཁོ་འདོན་བྱེད་མི་ཐུབ་པར་གྱུར། རྒྱ་ནག་གཞུང་གིས་ཞིང་ཆེན་གཞན་ནས་སི་ཁྲོན་ལ་གློག་གཏོང་དུ་འཇུག་གི་ཡོད་པ་དང་ཁྲུང་ཆིང་གྲོང་ཁྱེར་གཞུང་གིས་གྲོང་གསེབ་ཁག་གི་མི་མང་ལ་རླངས་འཁོར་ནང་དུ་འཐུང་ཆུ་སྐྱེལ་འདྲེན། གྲོང་ཁྱེར་དེའི་གྲོང་གསེབ་ཁག་གི་མི་གྲངས་ས་ཡ་༡་ཡས་མས་ཤིག་ལ་འཐུང་ཆུ་མེད་པའི་དཀའ་ངལ་འཕྲད། སི་ཁྲོན་ཞིང་ཆེན་གྱི་ས་ཞིང་མུའུ་༡༡༦༠༠༠་ཐམ་པའི་སྟོན་འབྲས་བསྡུ་རྒྱུ་མེད་པ་དང་ས་ཞིང་མུའུ་ས་ཡ་༡་དང་འབུམ་༡་ལ་གནོད་འཚེ་ཐེབས་ཡོད་པའི་གནས་ཚུལ་ཐོན།།

མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧུ་པེ་ཞིང་ཆེན་གྱི་མི་གྲངས་༢༢༠༠༠༠་ལྷག་ལ་འཐུང་ཆུ་ཆད་པ་དང་ས་ཞིང་མུའུ་ས་ཡ་༡༧་ཀྱི་ལོ་ཏོག་ལ་གནོད་འཚེ་ཕོག ཧུ་པེ་ཞིང་ཆེན་གཞུང་གིས་ཐན་པའི་ཛ་དྲག་འོག་ཏུ་ས་གནས་ཁག་ལ་ངལ་སེལ་སྐྱོབ་གསོ་སྤྲོད་རྒྱུ་མགོ་བརྩམས། རྒྱ་ནག་གི་ས་གནས་ཁག་ཅིག་ལ་ཐན་པ་དང་ཚ་གདུག་གི་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ཀྱང་མཚོ་སྔོན་དང་ཀན་ལྷོའོ་ཕྱོགས་སུ་ཆུ་ལོག་བརྒྱུགས་ནས་གནོད་འཚེ་བྱུང་། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱི་རྟ་ཐང་རྫོང་དུ་ཆུ་ལོག་བརྒྱུགས་ནས་མི་༢༣་ལ་སྲོག་སྐྱོན་དང་མི་༨་གར་སོང་ཆ་མེད་དུ་གྱུར་ཡོད་ཅིང་། རྟ་ཐང་རྫོང་གི་ས་གནས་ཤིག་ཏུ་རི་ཉིལ་ནས་ཆུ་ཞིག་བཀག་སྟེ་གྲོང་གསེབ་༦་གི་མི་མང་༡༥༠༠་ལྷག་ཉེན་གཡོལ་དུ་འབྲོ་དགོས་བྱུང་། དེ་བཞིན་རེབ་གོང་དང་རྩེ་ཁོག གཅན་ཚ་སོགས་ལའང་ཆུ་ལོག་བརྒྱུགས། བླ་བྲང་བཀྲ་ཤིས་འཁྱིལ་ལ་ཆུ་ལོག་བརྒྱུགས་ཏེ་སྔགས་པ་གྲྭ་ཚང་དང་སྔགས་པའི་སྡེ་པ། བཀྲ་ཤིས་འཁྱིལ་དགོན་པ་བཅས་ལ་གནོད་འཚེ་ཐེབས། ཚན་རིག་པ་ཚོས་རྒྱ་ནག་གིས་རང་བྱུང་ཁོར་ཡུག་དང་སྐྱེ་ཁམས་དོ་མཉམ་ལ་བསམ་ཞིབ་མེད་པར་རྒྱ་ལམ་དང་མེ་འཁོར་ལྕགས་ལམ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན། ཤིང་ནགས་གཅོད་འབྲེག་དང་གཏེར་ཁ་སྔོག་འདོན་བྱས་ནས་རང་བྱུང་ཁམས་ལ་གཏོར་བཤིག རྒྱ་ནག་གི་བཟོ་གྲྭ་ཁག་གི་དུག་ཆུ་དང་གད་སྙིགས་རྣམས་གཙང་པོ་དང་ས་ཐོག་ཏུ་གཏོར་ཏེ་ས་ཆུ་འབག་བཙོག དཔལ་འབྱོར་འཕེལ་རྒྱས་ཆེད་དུ་རྡོ་སོལ་བུས་ནས་གློག་མཁོ་འདོན། རྒྱ་ནག་གི་སྐྱེལ་འདྲེན་དང་འགྲིམ་འགྲུལ་ཇེ་མགྱོགས་སུ་གཏོང་བར་ཉིན་ལྟར་རླངས་འཁོར་དུང་ཕྱུར་མང་པོ་དང་གནམ་གྲུ་སྟོང་ཕྲག་མང་པོ་བཏང་ནས་སའི་གོ་ལའི་ཚ་དྲོད་ཆེ་རུ་བཏང་སྟེ་ཐན་པ་དང་ཚད་པ། ཆུ་ལོག་དང་ནགས་ཚལ་ལ་མེ་སྐྱོན་འབྱུང་གི་ཡོད་པ་རེད་ཅེས་བསྟན།།

རྒྱ་ནག་གི་ཁྲུང་ཆིང་གྲོང་ཁྱེར་ལ་ཚ་གདུང་འཕྱུར་ནས་ཐན་པ་བྱུང་བ་དང་ཤིང་ནགས་རྣམས་མེར་འཚིགས་ཏེ་མི་༡༥༠༠་ལྷག་རང་ཁྱིམ་ནས་ཉེན་སྐྱོབ་བྱས་ཤིང་། ལོ་༢༠་ཐམ་པར་སོན་པའི་སློབ་ཕྲུག་ཤུའི་ཅིན་ཞིན་ཟེར་བ་ཞིག་གིས་ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ནི་ཚ་གདུང་གིས་དགོང་མོ་གཉིད་ཁུག་མི་ཐུབ་པ་དང་རྟག་ཏུ་ཞོགས་པ་སྔ་པོ་ནས་ཚ་གདུག་མ་བཟོད་པར་གཉིད་སད་ཀྱི་འདུག གློག་བསྲི་ཚགས་བྱེད་པའི་ཆེད་དུ་ང་ཚོས་ཉིན་ཧྲིལ་པོར་གྲང་གློག་གཏོང་མི་ཆོག་པ་དང་གྲང་གློག་ཅུང་ཙམ་གཏོང་ཆོག་ན་ཅི་མ་རུང་ཞེས་སྡུག་སྐད་བརྒྱབ། རྒྱ་ནག་གི་གནམ་གཤིས་བརྟག་དཔྱད་ཁང་གིས་ཞིང་ཆེན་༡༡་ལ་ཐན་པ་དང་ཚ་གདུག་གི་དཀའ་ངལ་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པས་ཛ་དྲག་གི་ལས་དོན་བསྒྲུབ་དགོས་པ་ཁག་ལ་གྲ་སྒྲིག་བྱོས་ཞེས་བརྡ་ཐོ་བཀྲམ། རྒྱལ་སྤྱིའི་སྔོ་ལྗང་ཚོགས་པའི་ཉམས་ཞིབ་པ་ལིའུ་ཅུན་ཡན་གྱིས་ལོ་འདིའི་ཐན་པ་དང་ཚད་པ་ནི་ཆེས་ཤིན་ཏུ་ཚབས་ཆེན་ཞིག་ཏུ་གྱུར་ཀྱང་ལོ་རྗེས་མར་འདི་ལས་སྡུག་ཏུ་འགྲོ་རྒྱུའི་ཉེན་ཁ་ཆེ། ད་ལོའི་ཐན་པ་དང་ཚ་གདུག་གིས་རྒྱ་ནག་མི་དམངས་ལ་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་ཀྱི་ཡོད་པའི་གོ་རྟོགས་སད་དུ་འཇུག་པར་ཕན་ཐོགས་བྱུང་ཡོད་ཅེས་བཤད། དུས་རབས་༢༡་པ་འགོ་ཚུགས་ནས་བཟུང་སྟེ་རྒྱ་ནག་ལ་༢༠༠༣་དང་༢༠༡༣་ལོ། ༢༠༡༧་ལོ་བཅས་ཚ་གདུག་ཆེན་པོ་ཐེངས་གསུམ་བྱུང་ཡང་༢༠༢༢་ལོའི་ཐན་པ་དང་ཚ་གདུག་ལྟ་བུ་ཞིག་བྱུང་མྱོང་མེད་པར་མ་ཟད། རྒྱ་ནག་གི་གཞུང་གིས་ལོ་འདིར་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༥་དང་གྲངས་ཆུང་༥་གཏོང་རྒྱུ་དམིགས་ཚད་བཟུང་ཡང་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༢་དང་གྲངས་ཆུང་༥་ལས་འགྲོ་ཐུབ་རྒྱུ་མིན་ཞིང་། རྒྱ་ནག་གི་རྫོང་ཁག་༣༤་ཡི་ནང་དུ་རྒྱུག་གི་ཡོད་པའི་ཆུ་བོ་༦༦་སྐམ་པ་དང་ཕྱི་ཟླ་༨་པའི་ཚེས་༢༣་ཉིན་འབྲི་ཆུའི་འགག་གསུམ་གི་ཆུ་ཤུགས་གློག་ཆེན་མོའི་ཆུ་མཛོད་ནང་དུ་བསྐྱིལ་བའི་ཆུ་རྣམས་སྐམ་གྱི་འདུག་ཅེས་དབུས་བརྙན་འཕྲིན་ཁང་གི་གནས་ཚུལ་སྤེལ་འདུག

འབྲེལ་ཡོད།

XS
SM
MD
LG