ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་གཞུང་གིས་བོད་པ་ཚོས་བཞེངས་པའི་རྡོ་བརྐོས་མ་ཎི་དང་ལྷ་སྐུ་གཏོར་བཤིག


༄༅།། དེང་སྐབས་རྒྱ་གཞུང་གིས་སི་ཁྲོན་ཞིང་ཆེན་ཁོངས་སུ་དབྱེ་བགོ་བྱེད་ཡོད་པའི་དཔལ་ཡུལ་རྫོང་ཁོངས་ཀྱི་བོད་པ་ཚོས་བཞེངས་པའི་རྡོ་བརྐོས་མ་ཎི་དང་སྐུ་འདྲ་རྣམས་གཏོར་བཤིག་གཏོང་གི་ཡོད་པ་དང་། རི་མགོར་དར་ལྕོག་བཙུགས་ཡོད་པ་རྣམས་ཀྱང་མེད་པར་གཏོང་གི་འདུག་ཅེས་བོད་ནང་གི་ས་གནས་དེའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་དཔལ་ཡུལ་རྫོང་ཁྲོམ་ཐ་ཁོག་དང་སྣ་ཐ་སྡེ་བ། སྐྱིད་འདུས་སྡེ་བ་། ཁྲོམ་རྡོ་དཀར་དགོན་པ་བཅས་བོད་པའི་གྲོང་སྡེ་ཁག་གིས་རང་གི་ས་གནས་སོ་སོར་བཞེངས་ཡོད་པའི་མ་ཎི་རྡོ་བརྐོས་དང་བྲག་ངོས་སུ་སྐུ་བརྙན་བརྐོས་ཡོད་པ་ཐམས་ཅད་མེད་པར་གཏོང་དགོས་ཞེས་རྒྱ་གཞུང་གིས་བཙན་བཀའ་བཏང་སོང་། ད་དུང་རི་མགོར་དར་ལྕོག་བཙུགས་ཏེ་རླུང་རྟ་འཐེན་ཡོད་པ་རྣམས་ཀྱང་ཚང་མ་མེར་སྲེག་གཏོང་བའམ། ཡང་ན་ལས་ཐབས་གཞན་བཀོལ་ནས་མེད་པར་བཟོ་བཞིན་འདུག རྒྱལ་ཁབ་ཀྱིས་བརྗོད་དོན་གཙོ་བོ་ནི་༢༠༠༧་དང་༢༠༠༨་གྱི་ཡན་ཆད་དུ་བཞེངས་པ་རྣམས་རང་སོར་འཇོག་ཆོག དེའི་རྗེས་སུ་༢༠༡༤་ནས་བཞེངས་པ་རྣམས་གཅིག་ཀྱང་རང་སོར་འཇོག་མི་ཆོག་པར་མེད་པར་གཏོང་དགོས། ལྷག་པར་དུ་གཞུང་ལམ་གྱི་གཡས་གཡོན་དུ་བཙུགས་པའི་རླུང་རྟ་དང་དར་ལྕོག རྡོ་བརྐོས་མ་ཎི་་སོགས་མེད་པར་བཟོ་དགོས་པའི་བཀའ་བཏང་ཡོད་པ་རེད།།

སྤྱིར་འདས་པའི་ལོ་ཤས་སྔོན་ནས་དཔལ་ཡུལ་རྫོང་ཁོངས་ཀྱི་བོད་པ་ཚོའི་གྲས་སུ་རྡོ་དང་བྲག་ངོས་སོགས་སུ་དེང་རབས་ཀྱི་འཕྲུལ་ཆས་བཀོལ་སྤྱོད་ཀྱིས་མ་ཎི་ཡིག་དྲུག་བརྐོ་བ་དང་སངས་རྒྱས་ཀྱི་སྐུ་བརྙན་བཞེང་རྒྱུ་ཧ་ཅང་གི་དར་ཁྱབ་ཆེན་པོ་ཞིག་འབྱུང་གི་ཡོད་ཅིང་། གསར་འགྱུར་མཁོ་སྤྲོད་པས་སྣ་ཐ་སྡེ་བའི་ནང་དུ་ཟླ་བ་འདིའི་ཕྱི་ཚེས་༢༥་ཉིན་དུད་ཁྱིམ་སྒེར་པ་ཁ་ཤས་གྱོད་ལ་ཐུག་པས་གོང་རིམ་ནས་རྒྱལ་ཁབ་ཀྱི་ལས་བྱེད་པ་བཏང་སྟེ་དུད་ཁྱིམ་ཁག་ཏུ་སླེབས། ཁྱིམ་ཚང་གཅིག་གི་མཆོད་གཤོམ་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་གསུམ་བཤམས་བྱས་ཡོད་པ་མཐོང་སྟེ་བཙན་འཕྲོག་བྱས་ཤིང་། སྔ་ལོ་ཡང་སྣ་ཐ་སྡེ་པར་སྐུ་པར་འཕྲོག་པའི་གནས་ཚུལ་ཐེངས་ཁ་ཤས་ལ་བྱུང་ཡོད་པར་མ་ཟད། སྐུ་པར་གཤོམ་མཁན་གྱི་དུད་ཁྱིམ་དེ་དག་གི་མི་རྣམས་འཛིན་བཟུང་བྱས་ནས་ཉིན་ཁ་ཤས་ལ་བཀག་ཉར་དང་འདྲི་རྩད་བྱས་འདུག

གཞན་ཡང་རྒྱུས་ལོན་བྱུང་བ་ལྟར་ན་གོང་འཁོད་ས་གནས་དེ་དག་ནི་དཔལ་ཡུལ་ཡ་ཆེན་སྒར་དང་ཐག་ཉེར་ཆགས་ཡོད་པའི་བོད་པའི་གྲོང་སྡེ་རྣམས་ཡིན་འདུག ཕྱི་ཟླ་༥་ཚེས་༢༦་ནས་བཟུང་སྟེ་ཉིན་༧་ལ་དགོན་པའི་ཆོས་ཐོག་ཆེན་མོ་སྟེ། བདེ་ཆེན་ཞིང་སྒྲུབ་ཆེན་མོ་འཚོགས་མགོ་ཚུགས། ད་ལོ་ཏོག་དབྱིབས་ནད་དུག་གི་སྟབས་ཀྱིས་དད་ལྡན་མཆོད་མཇལ་བ་གཅིག་ཀྱང་འདུ་འཛོམས་བྱེད་ཐུབ་མེད་པར་དགེ་འདུན་པ་དང་བཙུན་རྣམས་ཀྱང་རང་རང་གྲྭ་ཤག་ཏུ་བཞུགས་ཏེ་རྒྱང་སྒྲགས་ནང་དུ་ཉིན་ལྟར་ཆོ་ག་འདོན་བཞིན་ཡོད་པའི་སྐོར། བལ་ཡུལ་ནས་འདི་རླུང་འཕྲིན་ཁང་གི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG