ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་གཞུང་གིས་བོད་པའི་འབྲོག་པ་གྲོང་དུ་ཕབ་ཚོར་རོགས་དངུལ་བཅད་པ།


༄༅།། རྒྱ་ནག་གཞུང་གིས་འབྲོག་པ་གྲོང་རྡལ་ཅན་དུ་སྒྱུར་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་རྫོང་། མཚོ་སྐྱ་རེངས་ཤང་གི་མངའ་འོག་ཏུ་འབྲོག་ཁྱིམ་༣༢༠༠་ཙམ་ཞིག་རྣམས་༢༠༡༡་ལོར་གྲོང་རྡལ་དུ་བསྒྱུར་ནས་རུ་ཁག་དྲུག་ལ་བགོས། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་བོད་པའི་འབྲོག་པ་དེ་ཚོར་འཚོ་བའི་རོགས་དངུལ་སྤྲད། ད་ལྟ་འབྲོག་པ་དེ་རྣམས་དབུལ་པོའི་གནས་ནས་སྒྲོལ་ཟིན་པ་དང་དཀའ་ངལ་མི་འདུག ད་ནས་བཟུང་སྟེ་འཚོ་བའི་རོགས་དངུལ་མཚམས་འཇོག་རྒྱུ་ཡིན། འབྲོག་པའི་རྩྭ་རྣམས་གཞུང་བཞེས་གཏང་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཡོད་འདུག་

དེ་ཡང་མིང་དངོས་སུ་བཤད་འདོད་མེད་པའི་ས་གནས་དེའི་བོད་པ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་༡༣་པ་མ་ཚོགས་སྔོན་ནས་རྫོང་དང་ཤང་སོ་སོས་ལོ་འདི་ནས་བཟུང་སྟེ་དབུལ་སྒྲོལ་གྱི་རོགས་སྐྱོར་ཆ་ཚང་སྤྲོད་རྒྱུ་མ་རེད། མི་མང་ཚང་མ་ཡར་རྒྱས་བཏང་ཚར་བ་རེད། དཔལ་འབྱོར་ཀྱི་དཀའ་ཁག་མེད་པར་གྱུར་པ་རེད་ཅེས་ས་གནས་ཁག་གིས་ཡི་གེ་བྲིས་ནས་ཚོགས་ཆེན་ཐོག་ཏུ་སྒྲོགས་སྦྱང་བྱེད་དགོས་ཀྱི་ཡོད་འདུག དབུལ་སྒྲོལ་གྱི་སྐད་ཆ་དེ་བཤད་ཚར་དུས་འབྲོག་པའི་ས་ཆ་ཚང་མ་གཞུང་གིས་བསྡུ་རྒྱུ་རེད། དོན་དངོས་སུ་དབུལ་སྒྲོལ་ལས་གཞི་དེ་དག་ཚགས་ཚུད་དང་ཡག་པོ་ཞིག་བྱུང་ཡོད་རེད་དམ་ཟེར་ན་ཕན་ཐོགས་ཅི་ཡང་བྱུང་ཡོད་པ་མ་རེད། ཅི་ཡིན་ཟེར་ན་མི་མང་རྣམས་སྡར་བཞིན་དཀའ་ངལ་གྱི་གནས་སྟངས་འོག་ཏུ་བསྡད་ཡོད་རེད་ཅེས་འགྲེལ་བརྗོད་བྱས་བྱུང་།།

གསར་འགྱུར་མཁོ་སྤྲོད་པས་མུ་ཐུད་དུ་བརྗོད་དོན་ལྟར་ན། བོད་པའི་འབྲོག་པ་རྣམས་གྲོང་རྡལ་ལ་གཞིས་ཆགས་སུ་གྱུར་ནས་བཟུང་། རྒྱ་གཞུང་གིས་ཟ་རྒྱུ་དང་འཐུང་རྒྱུ་སྤྲོད་ཀྱི་ཡོད་པ་ནི་བདེན་པ་རེད། འོན་ཀྱང་འབྲོག་པ་ཚང་མས་འབྲོག་ལས་བསྐྱུར་ཏེ་གྲོང་རྡལ་གྱི་འཚོ་བ་དང་ལས་ཀ་རྣམས་གཏན་ནས་གཉེར་ཤེས་ཀྱི་མི་འདུག ད་སྟེ་རྩྭ་ས་ཡང་གཞུང་གིས་བླངས་པ་དང་སྐྱོབ་གསོ་ཡང་མེད་པར་གྱུར་ནས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་རྒྱུ་རེད། མི་ཚང་མར་གཅིག་གྱུར་གྱི་སེམས་ཁྲལ་ཆེན་པོ་ཞིག་ཡོང་གི་འདུག ད་ལྟ་འཚོགས་བཞིན་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཕྱི་ལོ་༢༠༡༩་ཡི་ལོ་མཇུག་ཏུ་བོད་ལྗོངས་ཀྱི་དབུལ་པོའི་མི་འབོར་ཁྲི་༦༢་དང་གྲངས་ཆུང་༨་ཡོད་པ་ཚང་མ་དབུལ་སྒྲོལ་བྱུང་ཡོད་ཅིང་། དབུལ་པོའི་རྫོང་ཁག་༧༤་ཡོད་པ་ཚང་མའི་དབུལ་ཞྭ་ཕུད་ཡོད་ཅེས་བསྒྲགས།།་

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལ་སྐྱོབ་གསོ་མཚམས་འཇོག་དང་རྩྭ་ས་གཞུང་བཞེས་གཏང་རྒྱུའི་སྲིད་ཇུས་དེ་མགོ་ལོག་སྐྱ་རེངས་དང་དགའ་བདེ། གཅིག་སྒྲིལ། འཛོ་གན་ར་བ། རྨ་ཆུ་བཅས་མགོ་ལོག་ས་ཁུལ་སྤྱི་ཡོངས་ལ་ལག་བསྟར་བྱེད་བཞིན་འདུག་ཅེས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG