ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཤི་གསོན་གྱི་འགག་མདོར་སླེབས་པའི་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་།


བདུན་ཕྲག་འདིར་རྒྱ་ནག་གཞུང་གིས་ཆ་བགོས་བྱས་པའི་མཚོ་ལྷོ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞེས་པ་ལ་སོགས་པ་བཙུགས་ནས་མི་ལོ་༧༠ འཁོར་བའི་དུས་དྲན་སྲུང་བརྩི་བྱེད་བཞིན་པ་དང་བསྟུན། རྒྱ་ནག་གཞུང་འབྲེལ་གྱིས་ད་བར་རང་སྐྱོང་གི་ཁྲིམས་སྲོལ་འོག་བོད་པ་ཚོས་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་ལོངས་སུ་སྤྱད་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་ཚུལ་གྱི་དྲིལ་བསྒྲགས་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པ་རེད། དོན་དམ་ལ་དེང་སྐབས་རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིན་ཕིང་གིས་བཏོན་པའི་རྒྱ་ནག་མི་རིགས་ཐུན་མོང་འདུ་ཤེས་ཞེས་པའི་རྩ་འཛིན་འོག་ཏུ། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་ཡོད་ཚད་རྒྱ་ནག་ཅན་དུ་བསྒྱུར་བཞིན་ཡོད་སྟབས། རྒྱ་ནག་གཞུང་གིས་འདས་པའི་མི་ལོ་༧༠ ཙམ་གྱི་རིང་ལ་རྒྱུན་བསྐྱངས་པའི་མི་རིགས་ས་གནས་རང་སྐྱོང་གི་ལམ་སྲོལ་དེ་བཞིན་འབྱུང་འགྱུར་མུ་མཐུད་ནས་རྒྱུན་གནས་ཐུབ་མིན་གྱི་འགག་མདོ་ཞིག་ལ་སླེབས་ཡོད་པ་རེད།

མིང་དོན་མི་མཚུངས་པའི་རྒྱ་ནག་གི་མི་རིགས་ས་གནས་རང་སྐྱོང་ཞེས་པའི་ལམ་སྲོལ་དེ་ནི། ཐོག་མར་རྒྱ་ནག་དམར་ཤོག་ཚོགས་པའི་སོ་སོའི་ཆབ་སྲིད་དང་དབང་སྒྱུར་གི་དགོས་མཁོ་ལ་དམིགས་ནས་དམར་ཤོག་ཨུ་རུ་སུའི་སྒེར་གཅོད་རིང་ལུགས་ཀྱི་ལམ་ལུགས་ལས་དཔེར་བླངས་རྒྱུན་འཛིན་བྱས་པ་ཞིག་རེད། དང་ཐོག་རྒྱ་ནག་དམར་ཤོག་ཚོགས་པས་གོ་མིན་ཏང་ལ་ཁ་གཏད་འཇལ་ཆེད་སྤྱི་ལོ༡༩༣༦ ལོའི་སྤྱི་ཟླ་༥ པའི་ཚེས་༥ ཉིན་བོད་ཀྱི་ཤར་ཕྱོགས་དཀར་མཛེས་ས་ཁུལ་དུ་བོད་པའི་སྡེ་པའམ་སུའུ་ཝེ་ཨེ་བོད་པའི་གཞུང་ཞེས་པ་ཞིག་གསར་འཛུགས་བྱས་ཡོད་ཅིང་། ཕྱིས་སུ་སྤྱི་ལོ་༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་བཙུགས་རྗེས། བོད་ཀྱི་ས་ཆ་སྟོད་སྨད་བར་གསུམ་དུམ་བུར་བཏང་ནས་རང་སྐྱོང་ལྗོངས་གཅིག་དང་ཞིང་ཆེན་བཞིའི་ནང་དུ་ཆ་བགོས་ཀྱིས་བཅུག་སྟེ་རང་སྐྱོང་ལྗོངས་གཅིག་དང་། རང་སྐྱོང་ཁུལ་བཅུ་ཐམ་པ། རང་སྐྱོང་རྫོང་གཉིས་བཅས་སུ་སིལ་བུར་བྱས་ནས་དོ་དམ་དབང་བསྒྱུར་བྱས་འགོ་ཚུགས་ཡོད་པ་རེད།

ཉེ་ལམ་དེ་ལུགས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་རང་སྐྱོང་ཁུལ་དེ་དག་བཙུགས་ནས་མི་ལོ་༧༠ འཁོར་བའི་དུས་དྲན་མཛད་སྒོ་ཐོག་ལ་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོས་སྤེལ་བའི་གཏམ་བཤད་ནང་། མི་རིགས་རང་སྐྱོང་ཞེས་པའི་ཐ་སྙད་དེ་ཡང་ཐེངས་གཅིག་ལས་ཐོན་མེད་པར་མང་ཆེ་བ་ཞི་ཅིན་ཕིང་གིས་བཏོན་པའི་རྒྱ་ནག་མི་རིགས་ཐུན་མོང་འདུ་ཤེས་ཞེས་པའི་སྐོར་ནས་ཡིན་ཞིང་། དེ་ནི་བར་ལམ་རྒྱ་ནག་གི་མཁས་པ་འགས་རྒྱ་ནག་ནང་གི་མི་རིགས་ས་གནས་རང་སྐྱོང་ཞེས་པའི་ལམ་ལུགས་དེས་རྒྱ་མི་རིགས་དང་གྲངས་ཉུང་མི་རིགས་བར་གྱི་འགའ་ཟླ་སེལ་ཐུབ་ཀྱིས་མེད་པར་མ་ཟད། བོད་དང་ཤར་ཏུ་ཀི་སི་ཐན་གཙོས་པའི་མི་རིགས་ཀྱི་གནད་དོན་ཇེ་མང་དུ་འགྲོ་རུ་བཅུག་ནས་རྒྱ་ནག་གི་རྒྱལ་ཁབ་ཁ་བྲལ་འགྲོ་རྒྱུའི་ཉེན་ཁ་ཞིག་ལ་བརྩིས་ཏེ། རྒྱ་ནག་གཞུང་ལ་མི་རིགས་ས་གནས་རང་སྐྱོང་ཞེས་པའི་ཐ་སྙད་དེ་ཡང་མེད་པར་བཟོ་དགོས་པའི་ལྟ་བ་བཏོན་ཡོད་པ་དང་། དེ་ལ་རྒྱ་གཞུང་གི་ངོས་ནས་ཡོངས་གྲགས་ཐོག་ངོས་ལེན་བྱས་མེད་ཀྱང་། དོན་དམ་ལག་ལེན་དངོས་གྱི་ཐོག་ནས་ད་ཡོད་མིང་དོན་མི་མཚུངས་པའི་ས་གནས་རང་སྐྱོང་གི་ལམ་སྲོལ་རྒྱུན་གནས་ཐུབ་ཙམ་ཞིག་ཡིན་པ་རེད་ཅེས་ད་ལྟ་ཡུ་རོབ་རྒྱལ་ཁབ་སི་ཕན་དུ་གནས་བཞུགས་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་དང་ལོ་རྒྱུས་ཉམས་ཞིབ་པ་སངས་རྒྱས་སྐྱབས་ལགས་ནས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་བཅར་འདྲིའི་སྐབས་སུ་འགྲེལ་བརྗོད་གནང་འདུག། ཡང་སངས་རྒྱས་སྐྱབས་ལགས་བཞུགས་ཡུལ་ཡུ་རོབ་རྒྱལ་ཁབ་སི་ཕན་ནང་དུ་ས་ཁུལ་ཚང་མ་རང་སྐྱོང་ཡིན་ཞིང་། ས་ཁུལ་ཚང་མ་ལ་རང་དབང་རང་སྐྱོང་གི་ཐོབ་ཐང་ཚད་ཧ་ཅང་མཐོན་པོ་ཡོད་པས། རྒྱ་ནག་གི་མིང་ཙམ་གྱི་རང་སྐྱོང་དེ་ནི་དེ་ལ་བསྡུར་ཐབས་རྩ་བ་ནས་མེད་པ་ཞིག་རེད་ཅེས་གསུངས་འདུག།

རྒྱ་ནག་གཞུང་གིས་རྩ་ཁྲིམས་གཞི་བཟུང་གིས་མི་རིགས་ས་གནས་རང་སྐྱོང་གི་སྒྲིག་སྲོལ་དེ་དོན་དངོས་སུ་ལག་ལེན་དོན་ཐོག་འཁྱོལ་པ་ཞིག་བྱས་མྱོང་མེད་ཐོག དེང་སྐབས་ཞི་ཅིན་ཕིང་གིས་བཏོན་པའི་རྒྱ་ནག་མི་རིགས་ཐུན་མོང་འདུ་ཤེས་ཞེས་པའི་སྲིད་ཇུས་ཆེན་པོའི་འོག ཞིའི་སྲིད་དབང་སྒེར་གཅོད་ཀྱི་ཆབ་སྲིད་ལམ་ལུགས་དེ་དང་མི་རིགས་ས་གནས་རང་སྐྱོང་གི་ལམ་སྲོལ་དེ་གཉིས་ལྷན་གཅིག་མི་གནས་འགལ་ཆགས་ཡོད་པ་བདེན་པ་ཡིན་ཡང་། དྲིལ་བསྒྲགས་ཀྱི་དགོས་མཁོ་དང་རང་སྐྱོང་གི་མིང་ཐོག་ནས་གཉེར་བཞིན་པའི་ཁེ་བཟང་བློས་གཏོང་བྱེད་ནུས་པའི་ཁེ་ཕན་ཚོགས་པ་ཆེན་པོ་ཞིག་ཆགས་ཡོད་པའི་རྐྱེན་ལས། དུས་ཡུན་ཐུང་ངུའི་ནང་མིང་དོན་མི་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་ཞེས་པའི་སྒྲོམ་གཞི་དེ་བཞིན་མེད་པར་བཟོ་མི་སྲིད་པ་རེད་ཅེས་སངས་རྒྱས་སྐྱབས་ལགས་ནས་འགྲེལ་བརྗོད་གནང་སོང་།

XS
SM
MD
LG