ཉེ་དུས་མཇུག་སྒྲིལ་བའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཞེས་པའི་ཐོག ཞི་ཅིན་ཕིང་གིས་དམངས་གཙོའི་གྲོས་མོལ་ཚོགས་པ་ཞེས་པ་ཞིག་བཏོན་ནས། དངུལ་ལོའི་སྒྲིག་གཞི་དང་འཕྲུལ་རིག་ལས་དོན་གྱི་སྒྲིག་གཞི་གཉིས་ལ་བཅོས་སྒྱུར་གཏང་དགོས་པ་ནན་བརྗོད་བྱས་ཡོད་པ་དང་། སྲིད་དོན་དབྱེ་ཞིབ་པ་ཚོས་དེ་ནི། ཞི་ཅིན་ཕིང་གི་ནང་སེམས་ལ་དཔའ་ཞུམ་ཡོད་པ་དེ་ཕྱི་ལོགས་སུ་མངོན་པའི་རྟགས་མཚན་ཞིག་ལ་ངོས་འཛིན་བྱེད་བཞིན་འདུག
ཞི་ཅིན་ཕིང་གི་བདེ་འཇགས་སྐོར་གྱི་བློ་འཚབ་ཇེ་ཆེར་འགྲོ་བཞིན་པ།
ཨ་རིའི་ཕུ་རེན་སི་ཐོན་གཙུག་ལག་སློབ་ཆེན་གྱི་རྒྱ་ནག་ཞིབ་འཇུག་ཚོགས་ཆུང་གིས་འགན་འཛིན་དང་རྒྱ་ནག་ལྟ་ཞིབ་ཅེས་པའི་དུས་དེབ་གྱི་གཙོ་སྒྲིག་པ་ཁྲེན་ཁའེ་ཏེ་ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་བྱས་གསལ། ད་ལན་ཞི་ཅིན་ཕིང་གིས་རྒྱ་ནག་གི་སྒྲིག་གཞི་འགའ་ཤས་ལ་བཅོས་སྒྱུར་གཏང་དགོས་ཞེས་པ་དེས་ཞི་ཅིན་ཕིན་བདེ་འཇགས་སྐོར་ལ་བློ་འཚབ་ཡོད་པ་དེ་ཕྱིར་མངོན་པ་ཞིག་དང་། མའོ་ཙེ་ཏུང་གི་ཚེ་སྨད་ནང་བཞིན་སྒེར་གཅོད་པ་ཞི་ཅིན་ཕིང་ལ་ཡང་ནང་ཁུལ་སྲིད་དབང་བདེ་འཇགས་ཡོང་ཐབས་སྐོར་ལ་གླེང་སློང་དང་དོ་སྣང་མང་བ་སླེབས་ཀྱི་ཡོད། ཞི་ལ་མཚོན་ན་སྲིད་བློན་ཟུར་པ་ལི་ཁེ་ཆང་ནི་དགྲ་ཁ་གཏད་ཀྱི་སྟོབས་ཤུགས་ཤིག་ཆགས་ཡོད་སྟབས། ཞི་ཡིས་སྒྲིག་གཞི་རིམ་པའི་ཐོག་ནས་བཅོས་སྒྱུར་བཏང་བར་བརྟེན་ནས་ཁྱབ་ཁོངས་ཐམས་ཅད་དང་། ལས་རིགས་དང་ལས་ཁུངས་ཆེ་ཆུང་ཡོད་ཚད་ནང་སྒེར་གྱི་དབང་ཆ་གཅིག་སྡུད་བྱེད་ཤུགས་ཆེ་རུ་གཏོང་ཐབས་བྱེད་བཞིན་པ་རེད་ཅེས་བརྗོད་འདུག
དེ་བཞིན་དུ་ཐེ་ཝན་ཆབ་སྲིད་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་སྐོར་གྱི་ཉམས་ཞིབ་པ་ཁོའུ་ཅན་ཝེན་གྱིས་ཉེ་དུས་ཧྥ་རན་སིའི་རྒྱང་བསྒྲངས་ལས་ཁུངས་ལ་དེ་མཚུངས་ཀྱི་དཔྱད་བརྗོད་སྤེལ་འདུག ཁོས་བདེ་འཇགས་ཀྱི་བརྗོད་གཞི་དེ་རྒྱ་ནག་དམར་ཤོག་ཚོགས་པ་ལ་མཚོན་ན་གལ་གནད་ཆེ་ཤོས་ཆགས་ཡོད་ཅིང་། ཚོགས་ཆེན་ཉི་ཤུ་པའི་སྙན་ཐོའི་ནང་བདེ་འཇགས་ཞེས་པའི་ཐ་སྙད་ཐེངས་༩༡ བཀོད་ཡོད་པ་དང་དེ་ནི་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་ཞིག་རེད། དེ་ནི་ད་ལན་སྒྲིག་གཞི་ལ་བཅོས་སྒྱུར་གཏང་དགོས་ཞེས་བཏོན་པའི་སྤྱི་ཚོགས་ཁྱོན་ཡོངས་ནས་གཏན་བརླིང་མིན་པའི་རྒྱབ་ལྗོངས་ཤིག་རེད། དེ་བས་སྒྲིག་གཞི་བཅོས་སྒྱུར་གཏང་དགོས་ཞེས་པའི་དམིགས་པ་གཏད་ས་དེ་དབང་ཆ་གཅིག་སྡུད་རེད་ལ་ཐག་གཅོད་ཀྱི་ཐབས་ལམ་དེ་ཡང་དབང་ཆ་གཅིག་སྡུད་འབའ་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
དངུལ་ལོའི་བདེ་འཇགས་སྐོར་གྱི་བློ་འཚབ།
ཁྲེན་ཁའེ་ཏེས་དེང་སྐབས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དང་ཞི་ཅིན་ཕིང་མི་སྒེར་གྱིས་དངུལ་ལོའི་ཁྱབ་ཁོངས་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གི་ནང་དཔལ་འབྱོར་གྱི་ཉམས་ཉེན་དང་སྤྱི་ཚོགས་ཀྱི་ཉམས་ཉེན། དེ་བཞིན་སྤྱི་ཚོགས་ཀྱི་ཟིང་ཆ་འགའ་ཤས་བྱུང་བ་ལས་སྲིད་དབང་མགོ་རྟིང་སློག་པའི་ནུས་པ་ཆེན་པོ་མེད་ཀྱང་། དངུལ་ལོའི་ཉམས་ཉེན་དེ་ནི་རྒྱལ་ཁབ་ཅིག་གི་མི་རེ་ངོ་རེའི་ཁེ་ཕན་དང་ཁར་ཐུག་འབྲེལ་བ་ཆགས་ཡོད་པས། རྐྱེན་དེ་ལས་རྒྱལ་ཁབ་ཅིག་གི་སྲིད་དབང་མགོ་རྟིང་སློག་སྲིད་པའི་ཉེན་ཁ་ཡོད་པ་ཞིག་རེད་ཅེས་དང་། ཉེ་བའི་ལོ་ཤས་རིང་། རྒྱ་ནག་གི་དངུལ་ལོའི་སྒྲིག་གཞིར་རུལ་སུངས་ཀྱི་གནད་དོན་ཚབས་ཆེ་བྱུང་སྟེ་༢༠༢༢ ལོའི་ལོ་ཕྱེད་ཀའི་ནང་ཚུད་དུ་དམར་ཤོག་དཔོན་རིགས་༦༠ ཙམ་གྱི་ལྐོག་ཟ་རུལ་སུངས་ཀྱི་ཉེས་མིང་འོག་ནས་གོ་གནས་ནས་ཕྱིར་འབུད་བཏང་ཡོད། དེ་བཞིན་དུ་ས་གནས་ཀྱི་དངུལ་ལོའི་སྒྲིག་གཞི་ལ་དོ་དམ་ཚགས་ཚུད་མེད་པའི་རྐྱེན་ལས་ས་གནས་འགའ་ཤས་ལ་མི་དམངས་ཚོས་དངུལ་ཁང་ནས་དངུལ་ལེན་རྒྱུར་དཀའ་ངལ་འཕྲད་པ། རྒྱ་ནག་གི་འབྱོར་ལྡན་པ་ཚོས་དངུལ་ལོ་ཉམས་ཉེན་ལ་དེ་བས་བློ་འཚབ་ཆེན་པོ་སྐྱེ་བཞིན་ཡོད། དེའི་ཐོག་ལ་རྒྱ་ནག་དབུས་གཞུང་གིས་ས་ནས་གཞུང་ལ་ཡིད་ཆེས་མེད་པ། རྒྱུ་རྐྱེན་དེ་དག་ལས་ད་ལན་རྒྱ་ནག་གི་དངུལ་ལོའི་སྒྲིག་གཞི་ལ་བཅོས་སྒྱུར་མི་བཏང་ཁ་མེད་ཀྱི་གནས་སུ་ལྷུང་བཅུག་ཡོད་ཅེས་འགྲེལ་བརྗོད་བྱས་འདུག
ཨ་རིའི་སན་ཐོན་མཱ་སི་གཙུག་ལག་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་ལམ་དང་དེང་རབས་སྐད་ཡིག་སྐོར་གྱི་ཉམས་ཞིབ་པ་ཡེས་ཡའི་ཡོན་གྱིས་བརྗོད་དོན། རྒྱ་ནག་གི་དངུལ་ལོའི་ཁྲོམ་ར་དེ་བཞིན་ཨ་རི་དང་འབྲེལ་ལམ་ཆད་བཞིན་པའི་གནས་སྟངས་འོག ཤུགས་རྐྱེན་དང་གནོན་ཤུགས་ཆེན་པོ་འཕྲད་བཞིན་ཡོད་སྟབས། ཚད་ངེས་ཅན་ཞིག་གི་ཐོག་ནས་བཤད་ན་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་སྒྲིག་གཞི་དེ་བེད་སྤྱོད་བཏང་ནས་དངུལ་ལོའི་ཁྲོམ་ར་ལ་སྟངས་འཛིན་བྱེད་ཐབས་བྱ་སྲིད་པ་རེད། ཡང་ལམ་ལུགས་དང་སྒྲིག་གཞིའི་ཐོག་ནས་བལྟས་ན། དངུལ་ལོའི་སྒྲིག་གཞི་ལ་བཅོས་སྒྱུར་གཏང་དགོས་ཞེས་པ་དོན་དམ་ལ་རྒྱ་མིའི་སྒོར་མོའི་མ་རྩ་འཛུགས་འཇོག་ལ་གཅིག་སྡུད་ཅན་གྱི་དོ་དམ་བྱེད་ཐབས་ཤིག་རེད། དབང་ཆ་གཅིག་སྡུད་ཡོང་ཆེད་ཉེ་སྔོན་ལས་ཁུངས་གཉིས་བཙུགས་ཡོད་པ་དེ་ད་ལྟ་གཅིག་ཏུ་ཟླ་སྒྲིལ་བཏང་ནས་ལས་ཁུངས་གཅིག་ཆགས་ཡོད། ཡིན་ན་ཡང་དངུལ་ལོའི་སྒྲིག་གཞི་ལ་བཅོས་སྒྱུར་གཏང་རྒྱུ་དེ་ནི་གཙོ་བོ་དངུལ་ལོ་དང་འབྲེལ་བའི་དཔོན་རིགས་ཚོས་ཞི་ལ་བློ་སེམས་དཀར་མིན་ལས་ལྐོག་ཟ་རུལ་སུངས་སྐོར་ལ་ནན་བརྗོད་བྱས་མེད་ཐོག ཞི་ཅིན་ཕིང་གི་བྱེད་སྟངས་དེ་ནི་ཁྲོམ་ར་དཔལ་འབྱོར་གྱི་འགྲོ་སྟངས་དང་རྒྱབ་འགལ་ཡིན་པས། ཞི་ཡིས་རྒྱ་ནག་གི་དངུལ་ལོའི་གནད་དོན་ངོ་མ་དེ་ཐག་གཅོད་བྱ་མི་ཐུབ་ཅེས་བརྗོད་འདུག
འཕྲུལ་རིག་ལས་ཁུངས་ལ་བཅོས་སྒྱུར་ཞེས་པ་དེ་དོན་དམ་ལ་ཐད་ཀར་དབང་སྒྱུར་བྱེད་ཐབས་ཤིག་རེད།
ཁྲེན་ཁའེ་ཏེ་ཡིས་མུ་མཐུད་ནས་བརྗོད་དོན། ཉེ་དུས་ཨ་རིས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་དང་ལྷག་པར་དུ་གློག་ལམ་ཉིང་འདུས་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་ཡོད་པ་། རྒྱ་ནག་གི་དེང་རབས་ཀྱི་འཕྲུལ་རིག་མ་ལག་དེ་བཞིན་ཨ་རི་དང་ཁ་བྲལ་ན་རྒྱལ་ཁབ་གཞན་དང་འགྲན་རྩོད་ཀྱི་ནུས་ཤུགས་མེད་པ་ཆགས་རྒྱུ་དེ་ཞི་ཅིན་ཕིང་གིས་ཤེས་ཡོད་སྟབས། ཞི་ཡིས་འཕྲུལ་རིག་ལག་རྩལ་ལྷན་ཚོགས་ཞེས་པ་ཞིག་གསར་འཛུགས་བྱས་ནས་ཁྱབ་ཁོངས་དེ་ལ་ཐད་ཀར་སྟངས་འཛིན་བྱེད་ཤུགས་ཆེ་རུ་བཏང་ཡོད་ཅེས་བརྗོད་འདུག
གྲུབ་འབྲས་ལ་མ་བལྟོས་པར་དབང་སྒྱུར་གཙོ་བོར་འཛིན་པའི་སྲིད་ཇུས།
དགེ་རྒན་ཆེན་མོ་ཡེས་ཡའོ་ཡོན་གྱིས་བརྗོད་དོན། ཞི་ཅིན་ཕིང་ལ་མཚོན་ན་མི་སྒེར་གྱི་དབང་སྒྱུར་བྱེད་ཤུགས་ལ་དོ་སྣང་བྱེད་བཞིན་པ་དང་དེ་ནི་སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུ་ལས་གལ་འགངས་ཆེ་བ་ཆགས་ཡོད། འདས་པའི་ལོ་འགའ་ཤས་རིང་ཞི་ཅིན་ཕིང་གིས་རང་དབང་ཁྲོམ་རའི་ཁྱབ་ཁོངས་ཡོད་ཚད་གཞུང་གི་སྟངས་འཛིན་འོག་ཚུད་ཐབས་བྱས་ཡོད་པ་དང་། ཁོའི་སྲིད་ཇུས་ཀྱི་ལྟེ་བ་དེ་ཡང་དབང་སྒྱུར་དང་སྟངས་འཛིན་ཐོག་ལ་བཞག་ཡོད། འོན་ཏེ་ཕྱི་ནང་གཉིས་ཀའི་གནས་སྟངས་ལ་དཔག་ན། ཞིའི་ཧམ་སེམས་དེ་མངོན་འགྱུར་ཡོང་ཁག་པོ་ཡིན་པར་མ་ཟད། ཡོད་ཚད་དབང་ཆ་གཅིག་སྡུད་ཐོག་སྤུངས་པ་དེས་སྟབས་མ་ལེགས་ན་ཡོད་ཚད་ཤོར་ཉེན་ཆེ་བ་ཞིག་ཀྱང་རེད་ཅེས་འགྲེལ་བརྗོད་བྱས་འདུག