ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

འཛམ་གླིང་བརྒྱུད་ལམ་ཁག་གིས་མཐོང་བའི་རྒྱ་ནག་གི་ཆབ་སྲིད་དང་ཕུགས་འདུན།


འདི་ཟླའི་ཚེས་༣ ཉིན་གྱི་ཞོགས་པར། མིང་ཙམ་ལས་དོན་གྱིས་སྟོང་པའི་རྒྱ་ནག་གི་དབང་ཚད་མཐོ་ཤོས་ཀྱི་ལས་ཁུངས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྲོལ་ཡོད་ཅིང་། སྤྱི་ཟླ་༣ པའི་ཚེས་༡༠ ཉིན་རྒྱ་ནག་དམར་ཤོག་ནང་ཁུལ་གྱི་རྒྱུན་སྲོལ་དང་རྒྱབ་འགལ་གྱིས་ཞིས་ཅིན་ཕིང་སླར་ཡང་ཁོང་གི་ལས་དུས་གསུམ་པ་སྟེ། རྒྱ་ནག་རྒྱལ་ཁབ་ཀྱི་གཙོ་འཛིན་དང་། དབུས་དམག་དོན་ལྷན་ཁང་གི་འགན་འཛིན་དུ་“འོས་འདེམས”བྱུང་བར་མ་ཟད། དུས་ཡུན་གྱི་ཚད་བཀག་མེད་པར་ལས་ཁུར་བསྟུད་མར་ཇི་སྲིད་བར་འཛིན་ཆོག་པ་ཆགས། ཚེས་༡༡ ཉིན་ཞིས་ཅིན་ཕིང་གི་ཕྱོགས་གཏོགས་ལི་ཆང་སྲིད་བློན་དུ་བསྐོས། ད་ལྟའི་ཆར་རྒྱ་ནག་གི་དཔལ་འབྱོར་གྱི་གནས་སྟངས་ལ་ངེས་གཏན་མེད་ཅིང་། ཟིང་འཚུབ་ཤིན་ཏུ་ཆེ་བ་དང་། ཞིས་ཅིན་ཕིང་འཛིན་སྐྱོང་ལ་རྒྱ་ནག་གི་དཔལ་འབྱོར་བསྐྱར་གསོའི་ལས་དོན་ཐད་ཉེན་ཁ་འཕྲད་པའི་སྐབས་སུ་ཡོད་པར། རྒྱ་ནག་དམར་ཤོག་ཚོགས་པའི་འཛིན་སྐྱོང་གིས་མི་རྣམས་ཧ་ལས་ཧང་སངས་སུ་བཅུག་པའི་དྲིལ་བསྒྲགས་ཇི་སྙེད་ཅིག་སྤེལ་བཞིན་པ་རེད།

རྒྱུན་ལྡན་མ་ཡིན་པའི་དབང་ཆ་དང་། རྒྱུན་ལྡན་མ་ཡིན་པའི་གནམ་གཤིས་དང་ཟླ་ཚེས།

སྤྱི་ཟླ་༣ པའི་ཚེས་༡༠ ཉིན་ལ། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞིས་ཅིན་ཕིང་གི་ཐད་ཀའི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཞིས་ཅིན་ཕིང་རྒྱལ་ཁབ་ཀྱི་གཙོ་འཛིན་དང་དབུས་དམག་དོན་ལྷན་ཁང་གི་འགན་འཛིན་དུ་“སྤྱི་མོས་ཀྱིས་འོས་འདེམས”བྱུང་བར་“བཀྲ་ཤིས་བདེ་ལེགས་”ཀྱི་རྣམ་འགྱུར་གསལ་པོར་བསྟན་ཏེ། ཁོ་པ་ལས་ཡུན་ཐེངས་མ་གསུམ་པ་དང་དེ་ལས་རིང་པའི་ཇི་སྲིད་པར་“འོས་འདེམས”འབྱུང་རྒྱུར་ལམ་ཁ་གཙང་མ་བཟོ་བར་བྱེད།

ཞིས་ཅིན་ཕིང་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་“འོས་འདེམས”བྱུང་བའི་ཉི་མ་དེར། རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་རླུང་དམར་འུར་འུར་དུ་ལྡང་ཞིང་། རྡུལ་འཚུབ་ལང་ལོང་དུ་འཁྲིགས་ཏེ། ཉིན་མཚན་དབྱེ་མི་འཁོར་བའི་མུན་པ་མུན་ནག་གིས་“རྟགས་རྟེན་མི་ལེགས་པའི” ཚུལ་བསྟན། རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་ཞིས་ཅིན་ཕིང་སྲིད་ཀྱི་སྡིངས་ཆར་འཁོད་པ་ནས་བཟུང་། རྒྱ་ནག་གི་ལས་དོན་ཆེ་ཕྲ་ཀུན་ལ་བཀྲ་ཤིས་བདེ་ལེགས་དང་། ཡར་ངོའི་ཟླ་བ་བཞིན་ཡར་རྒྱས་གོང་འཕེལ་ཡིན་པར་བསྒྲགས། དེ་བཞིན་རྒྱ་ནག་གཞུང་འབྲེལ་གྱི་མགྲིན་ཚབ་བརྒྱུད་ལམ་ཁག་གིས་ཞིས་ཅིན་ཕིང་བསྐྱར་དུ་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་“འོས་འདེམས”བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱི་གནས་ཚུལ་སྤེལ་བཞིན་པའི་ཉིན་མོར། རྒྱ་ནག་གི་དྲྭ་དམངས་ཚོས་ཕྱོགས་མཐའ་ཀུན་ནས་ལོ་རྒྱུས་ཐོག་གི་ཉིན་མོ་དེར་དྲན་གསོ་བྱེད་ཀྱི་ཡོད་ཅིང་། དེ་ནས་ཡར་བརྩིས་པའི་མི་ལོ་༡༡༡ གི་གོང་གི་སྤྱི་ཟླ་༣ པའི་ཚེས་༡༠ ཉིན་ནི། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་གནས་སྐབས་སྲིད་འཛིན་ཡོན་ཤི་ཁས་དམ་པ་དེ་སྲིད་ཁྲིར་འཁོད་པའི་ཟླ་ཚེས་ལ་འཁེལ་ཡོད་ཅིང་། ཡོན་ཤི་ཁས་ཀྱིས་དེའི་རྗེས་ཙམ་ལ། དེའི་ཚེ་དེའི་དུས་ཀྱི་རྒྱ་ནག་མི་དམངས་ཀྱི་མངོན་འདོད་ལ་ལྟོས་མེད་རྒྱང་བསྐྱུར་གྱིས་གོང་མའི་ལམ་ལུགས་བསྐྱར་གསོ་བྱས་ཏེ། ཁོ་པས་སོ་སོ་གོང་མའི་ཁྲི་སར་བཀོད་ནས་ཉིན་༨༠ ཐམ་པའི་རིང་རྒྱ་ནག་གི་གོང་མ་གནང་རྗེས། རྒྱ་ནག་རྒྱལ་ཡོངས་ཀྱི་ངོ་རྒོལ་སྐད་འབོད་ཀློང་ནས་སྙུན་མནར་ངང་དགོངས་པ་རྫོགས་ཡོད་པ་རེད།

ཞིས་ཅིན་ཕིང་གོ་གནས་ལ་འཁོད་པ་ལས་བཟུང་། ལྟ་ཞིབ་པ་མང་པོ་ཞིག་གིས་ཞིས་ཅིན་ཕིང་གོང་མར་བསྡད་རྒྱུའི་འདོད་ཧམ་ཡོད་པ་རྩེ་མཐུན་དུ་གསུངས་ཤིང་། ཁོ་པའི་སྟངས་འཛིན་འོག་ཡོད་པའི་རྒྱ་ནག་གི་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་རྟག་པར་ཁོ་པ་འབྲུག་རིས་དཀྲོལ་མས་བརྒྱན་པའི་ཞབས་བཀྱག་ལ་བསྡད་དེ་ཕྱོགས་མཐའ་ནས་ཡོང་བའི་མགྲོན་པོར་སྣེ་ལེན་བྱེད་བཞིན་པའི་འདྲ་པར་སྤེལ་རྒྱུར་དགའ་བ་དང་། འུད་ཆེན་པོའི་སྒོ་ནས་ཁོ་པའི་མིང་ཐོག་ནས་གཉེར་བའི་རྒྱལ་ཁབ་ཀྱི་གསོལ་སྟོན་སྐབས་སུ་གོང་མའི་དུས་ཀྱི་ཕོ་བྲང་གི་གསོལ་ཆས་དཀར་ཡོལ་འབྲུག་རིས་མ་བེད་སྤྱོད་གཏོང་བའི་ངང་ཚུལ་འཛིན་པས། སྤྱོད་སྟངས་དེ་ཚོས་ཞིས་ཅིན་ཕིང་གོང་མ་བྱ་འདོད་ཡོད་པའི་བཤད་ཡམས་དང་ཕྱོགས་མཚུངས་ལྟ་བུར་ཆགས་འདུག་ལ། རྒྱ་ནག་དམར་ཤོག་གཞུང་གིས་ད་ཕན་ཅིའི་ཕྱིར་ཞིས་ཅིན་ཕིང་གིས་འབྲུག་རིས་ཀྱིས་བརྒྱན་པའི་ཞབས་བཀྱག་སྒྲིག་བཤམས་བྱེད་པ་དང་། གོང་མའི་གསོལ་ཆས་དཀར་ཡོལ་རིགས་བེད་སྤྱོད་གཏོང་བའི་རྒྱས་སྤྲོས་སྐོར་རྒྱུ་མཚན་གསལ་པོ་བརྗོད་མེད་པ་རེད།

ཞིས་ཅིན་ཕིང་“སྤྱི་མོས་ཀྱིས་འོས་འདེམས”བྱུང་བ་ཞེས་པ་དང་། ཁོ་པའི་ཕྱོགས་གཏོགས་ལི་ཆང་སྲིད་བློན་དུ་བསྐོས་པའི་དོན་དེ། ཧྥ་རན་སིའི་གསར་འགྱུར་བརྒྱུད་ལམ་འཛམ་གླིང་གསར་ཤོག་ཅེས་པའི་གནས་ཚུལ་སྤེལ་བ་ལས། ལི་ཆང་ནི་ཞིས་ཅིན་ཕིང་གིས་བཅོལ་གཏད་བྱེད་སའི་ཡིད་བརྟན་འཕེར་བའི་བློས་ཐུབ་གྲོགས་པོ་ཉེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་བློན་གསར་པར་བསྐོས། ཉིན་དེའི་སྔ་ཉིན་དུ་ཞིས་ཅིན་ཕིང་ལ་རྒྱལ་ཁབ་གཙོ་འཛིན་གྱི་ལས་དུས་གསུམ་པ་ཐོབ། ཅེས་འཁོད་ཅིང་། རེས་གཟའ་པ་སངས་ཉིན། ལོ་ན་༦༩ ལ་སོན་པའི་ཞིས་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་མི་ཆེན་ལས། སྤྱི་མོས་ཀྱིས་ཐོག་ནས་མ་འོངས་ལོ་༥ ཡི་རིང་གི་རྒྱལ་ཁབ་གཙོ་འཛིན་གྱི་གོ་གནས་ཐོབ་སྟེ། མི་ཐོག་འགའི་རིང་ལ་བྱུང་མྱོང་མེད་པའི་རྒྱ་ནག་གི་དབང་ཚད་ཆེ་ཤོས་ཀྱི་མི་སྣར་གྱུར། དོན་དམ་ལ་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞེས་པ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཅི་གསུང་བཀའ་སྒྲུབ་འབའ་ཞིག་ལས་མི་འདའ་བ་ཞིག་ཡིན་པས། དེ་ལས་བྱུང་བའི་འོས་འདེམས་ཀྱི་མཇུག་འབྲས་ཅི་ཡིན་ས་རིས་ཐང་གསལ་ལས་སོམ་ཉི་དགོས་པའི་དོན་ཞིག་མ་ཡིན་ཞེས་གོང་འཁོད་གསར་ཤོག་ལས་བཀྲལ།

དབྱིན་སྐད་ཀྱི་འཇིག་རྟེན་ལས་ཁྱབ་རྒྱ་ཆེ་བའི་བརྒྱུད་ལམ་ཨ་རིའི་མཉམ་འབྲེལ་གསར་འགྱུར་ལས་ཁང་གིས་དེ་དོན་གནས་ཚུལ་སྤེལ་གསལ་ལས། རྒྱ་ནག་གི་ཞིས་ཅིན་ཕིང་རེས་གཟའ་པ་སངས་ཉིན་ལ་ལས་ཡུན་ལོ་ངོ་༥ ཡིན་པའི་རྒྱལ་ཁབ་གཙོ་འཛིན་གྱི་ལས་དུས་གསུམ་པ་ཐོབ་ཅིང་། ཁོ་པས་དཔལ་འབྱོར་གྱི་གནས་སྟངས་འཁྲུག་ཆ་ཆེ་བ་དང་། ཨ་རྒྱ་གཉིས་དབར་འབྲེལ་ལམ་ཛ་ཇེ་དྲག་ཏུ་འགྲོ་བཞིན་པའི་སྐབས་སུ་ཇི་སྲིད་ནམ་འཚོ་བར་དབང་ཆ་ཟིན་ཆོག་པ་ཆགས། མཛད་སྒོ་དབང་བསྐུར་གྱི་དོད་ཙམ་ལས་མེད་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཁོ་པ་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་བདམས་པ་ནི་སྔར་ནས་གཏན་འཁེལ་ཟིན་པ་ཞིག་རེད། ཅེས་བརྗོད། འགོ་ཁྲིད་འདི་བཞིན་༢༠༡༢ ལོར་སྲིད་ཀྱི་སྡིངས་ཆར་སླེབས་པ་ནས་བཟུང་། མངོན་པ་མི་གསལ་བའི་སྒོ་ནས་ཁོ་པར་ཉེན་ཁ་བཟོ་མཁན་གྱི་འགྲན་ཡ་རྣམས་བས་མཐའ་ཅན་དུ་བསྒྱུར་ཏེ། ཁོ་ཉིད་འབའ་ཞིག་ལ་གློ་བ་ཉེ་བ་དག་དོན་དངོས་ཀྱི་དབང་ཆ་ཡོད་པའི་དམར་ཤོག་ཚོགས་པའི་ཆེས་མཐོའི་གོ་གནས་སུ་བསྐོ་བར་བྱེད། ཅེས་འཁོད།

སྲིད་བློན་གསར་རྙིང་གཉིས་ཀྱི་རྩིས་སྤྲོད་རྩིས་ལེན་དང་ངོ་མཚར་ལྟད་མོ།

སྲིད་བློན་གསར་རྙིང་གཉིས་ཀྱི་གོ་གནས་རྩིས་སྤྲོད་རྩིས་ལེན་ཐད་ནས་ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་གཙོ་གྲས་ཞོགས་པའི་ཉི་ཟེར་གསར་ཤོག་གིས་ངོ་མཚར་ལྟད་མོར་རུང་བའི་དོན་གནད་ཁྱད་མཚར་ཞིག་ལ་དོ་སྣང་བྱུང་ཡོད་པ་ལས།

སྤྱི་ཟླ་༣ པའི་ཚེས་༡༡ ཉིན་པེ་ཅིང་དུ་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལས། རྒྱ་ནག་དམར་ཤོག་ཚོགས་པའི་གནད་ཡོད་མི་སྣ་ཨང་གཉིས་པ་ལི་ཆང་སྲིད་བློན་ལ་བདམས་ཐོན་བྱུང་ཞིང་། ལས་ཐོག་ལོ་༥ ཡིན་པའི་ལས་དུས་ཐེངས་གཉིས་དང་ཁྱོན་བསྡོམས་ལོ་ངོ་༡༠ ཡི་རིང་སྲིད་བློན་གྱི་གོ་གནས་འཛིན་མཁན་ལི་ཁེ་ཆང་ལས་གནས་ལས་འཁྱུར། གོ་གནས་རྩིས་སྤྲོད་མཚམས་སུ་ལི་ཁེ་ཆང་གིས་གཙོ་འཛིན་ཞིས་ཅིན་ཕིང་ལ་ལག་པ་གཏོང་རེས་བྱེད་དུས་མིག་གིས་ཞིས་ཅིན་ཕིང་ལ་བལྟས་མེད་པ་དང་། སྣང་མེད་སྐྱུར་འཇོག་གི་རྣམ་འགྱུར་ཞིག་གི་ངང་ནས་སྡིངས་ཆ་ལས་ཁ་བྲལ་འདུག། ཅེས་དང་།

སྤྱི་ཟླ་༣ པའི་ཚེས་༡༡ ཉིན་གྱི་ཞོགས་པ་ཆུ་ཚོད་༡༡ ཙམ་ལ། རྒྱལ་ཡོངས་མི་དམངས་འཐུས་མི་དགོངས་ཆེན་གྱིས་ཞིས་ཅིན་ཕིང་གིས་མིང་འདོན་བྱས་པ་བཞིན་ལི་ཆང་སྲིད་བློན་ལ་བདམས། ལི་ཆིང་གིས་སོ་སོ་འཁྲིས་ཀྱི་ཞིས་ཅིན་ཕིང་ལ་དུས་ཡུན་སྐར་ཆ་བཅུ་ཡས་མས་ཤིག་ལ་ལག་པ་གཏོང་རེས་བྱས་ཤིང་། རྣམ་གཉིས་ཀྱི་བཞིན་ལས་དགྱེས་པའི་འཛུལ་མདངས་ཀྱིས་མངོན་པར་ཁེངས་ཏེ། ཕན་ཚུལ་འཕྲོལ་མོལ་ཅུང་ཙམ་ཡང་བྱས།

དེ་བཞིན་ཞིས་ཅིན་ཕིང་དང་འབྲེལ་བ་ཉེ་པོ་ཡོད་པའི་ལི་ཆང་གིས་ཉེ་སྔོན་ཚང་འཛོམས་གྲོས་ཚོགས་སར་ཡང་ཞིས་ཅིན་ཕིང་དང་ཅི་འཕྲོས་མོལ་འཕྲོས་གླེང་ཞིང་། ཕན་ཚུན་འབྲེལ་ལམ་ཧ་ཅང་ཉེ་པོ་ཡོད་པའི་རྣམ་འགྱུར་ཞིག་ཀུན་གྱི་མཐོང་ཆོས་སུ་གྱུར་ཅིང་། ལས་གནས་འཁྱུར་ཟིན་པའི་སྲིད་ཟུར་ལི་ཁེ་ཆང་གིས་ཞིས་ཅིན་ཕིང་ལ་ལག་པ་གཏོང་རེས་བྱེད་དུས། ཞིས་ཅིན་ཕིང་གིས་ཧ་ཅང་སྒམ་བརླིང་དང་ལྷིང་འཇགས་ཀྱི་སྒོ་ནས་ལི་ཁེ་ཆང་ལ་ལྟ་ཞིང་། ལི་ཁེ་ཆང་མདུན་ཕྱོགས་སུ་ཁ་གཏད་ནས་ཚུར་ཡོང་བ་དང་། ཁོ་པ་ཞིས་ཅིན་ཕིང་གི་འཁྲིས་ལ་སླེབས་ནས་གདོང་ཞིས་ཅིན་ཕིང་ལ་ཕྱོགས་དུས། ཞིས་ཅིན་ཕིང་མདུན་ཕྱོགས་སུ་བསྐྱོད་པས། ཁོ་གཉིས་དེ་ལྟར་གཅིག་གིས་གཅིག་ལ་མིག་དབང་འཛིན་རེས་ཙམ་ཡང་བྱས་མེད་པ་རེད།

ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཁུལ་དུ་སོ་སོའི་འགྲན་ཡ་ཐམས་ཅད་ལས་རྣམ་པར་རྒྱལ་ཏེ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་སོ་སོའི་ཕྱོགས་གཏོགས་ཞེ་གཅིག་གིས་གྲུབ་པའི་སྲིད་དབང་གསར་འཛུགས་བྱས་ཤིང་། ཁོ་པ་སླར་ཡང་རྒྱ་ནག་རྒྱལ་ཁབ་ཀྱི་གཙོ་འཛིན་དུ་“འོས་འདེམས”བྱུང་རྗེས། ནེའུ་ཡོག་དུས་བབས་གསར་ཤོག་གིས་ཁོ་དང་ཁོ་པའི་ཐད་བསྐོས་བྱས་པའི་ལི་ཆང་གིས་སྒྲིག་འཛུགས་བྱས་པའི་གཞུང་གསར་པ་དེར་གདེང་འཇོག་བྱེད་སྟངས་དེ། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལས་དམིགས་བསལ་ཞིག་ཆགས་ཡོད་པ་ལས།

ཞིས་ཅིན་ཕིང་ལོ་སྔོན་པའི་སྤྱི་ཟླ་༡༠ པའི་ནང་ཡང་བསྐྱར་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་གནས་སུ་མུ་མཐུད་ནས་བསྡད་རྒྱུ་བྱུང་ཞིང་། རྒྱ་ནག་དམར་ཤོག་ཚོགས་པའི་སྟངས་འཛིན་འོག་ཡོད་པའི་ཁྲིམས་བཟོ་ལས་ཁུངས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་གཙོ་འཛིན་ལ་འོས་འདེམས་བྱས་ཏེ། ཁོ་པས་རྒྱ་ནག་གི་སྲིད་ཀྱི་སྡིངས་ཆར་མུ་མཐུད་ཁོ་ལོ་སྒྱུར་བར་ངེས་གཏན་བྱས། ཁོ་པ་མི་གཅིག་གིས་མུ་མཐུད་ནས་སྲིད་དོན་ཚོགས་པ་དང་། དམག་དཔུང་། འཛིན་སྐྱོང་གི་ཆེས་མཐོའི་དབང་ཆ་གཅིག་ལྕོགས་ཁུར་ཡོད་པར་མ་ཟད། ཕྱོགས་འགལ་ཚོགས་པ་ཞིག་དང་ཐ་ན་ཀུན་གྱིས་དོ་སྣང་ལ་འོས་པའི་རྗེས་འཛིན་པ་ཞིག་ཀྱང་མཐོང་རྒྱུ་མེད་པ་རེད།

ཁོ་པ་སྒེར་གྱི་དབང་ཆ་སྲ་བརྟན་ཕྱིན་པ་དང་བསྟུན་ནས། ལོ་ན་༦༩ ལ་སོན་པའི་ཞིས་ཅིན་ཕིང་གིས་མདུན་གྱི་གཞི་འདིར་ཁོ་པ་ཉིད་དགྲ་ཁ་གཏད་ཅན་གྱི་རྒྱལ་སྤྱིའི་ཁོར་ཡུག་ནང་རྒྱ་ནག་གི་སྣེ་ཁྲིད་ཐུབ་པའི་འགོ་ཁྲིད་ཀྱི་རྣམ་པ་ཞིག་བཞེངས་སྐྲུན་བྱེད་བཞིན་པར་བརྟེན། གལ་སྲིད་སྐྱེ་བོ་དྲང་ཚུགས་ཟིན་པ་གང་རུང་ཞིག་གིས་ཁོ་པའི་སྒེར་གཅོད་ཀྱི་སྤྱོད་སྟངས་ཀྱིས་རྒྱལ་ཁབ་ཀྱི་གནས་སྟངས་མང་པོ་ཞིག་ལ་ཉེན་ཁ་བཟོ་བཞིན་པའི་སྐྱོན་བརྗོད་བྱས་ཚེ། ཁོ་པས་དེར་ཉན་འཇོག་རྩ་བ་ནས་བྱ་མི་སྲིད་པ་སྨོས་མེད་ཡིན་པ་རེད།

རྒྱ་ནག་གི་དངོས་ཡོད་དང་། རྒྱ་ནག་གི་ཕུགས་འདུན། ད་དུང་རྒྱ་ནག་གི་ཁྲེལ་མེད་འུད་ཤོབ།

སྤྱི་ལོ་༢༠༡༩ ལོར་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་པ་ནས་བཟུང་། རྒྱ་ནག་གིས་ཞིས་ཅིན་ཕིང་སྐུ་དངོས་ཀྱིས་བཀོད་སྒྲིག་དང་བཀོད་ཁྱབ་འོག། ལོ་ངོ་གསུམ་གྱི་རིང་སྲིད་ན་མ་གྲགས་པའི་ནད་དུག་གཙང་སེལ་ཞེས་པའི་སྲིད་ཇུས་ཟིན་ཏེ། ཁེ་ལས་གྲངས་ལས་འདས་པའི་མ་རྩ་བརྡིབས་བཅུག་ཅིང་། བགྲང་གིས་མི་ལང་བའི་མི་མང་པོ་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་ཐལ་ཆ་ཅན་འོག་ནས་དུས་ཐོག་སྨན་བཅོས་མ་ཐུབ་པར་རྐྱེན་འདས་སུ་ཕྱིན་པས། ད་ཆ་རྒྱ་ནག་ལ་རྒྱ་ནག་དམར་ཤོག་ཚོགས་ཁོ་རང་ཚོས་ཀྱང་ངོས་ལེན་མི་བྱེད་ཀ་མེད་ཀྱི་དཔལ་འབྱོར་གྱི་གནད་དོན་ཚབས་ཆེན་དང་འཕྲད། ཚོང་ཟོག་དགོས་མཁོ་ཉུང་དུ་ཕྱིན་པ་དང་། མཁོ་འདོན་ལ་གཏོར་བརླག་ཐེབས་པ། དམིགས་ཚད་སྔོན་དཔག་ཇེ་ཞན་དུ་ཆས་པ་སོགས་གནོན་ཤུགས་ཆེ་ཞིང་། དཔལ་འབྱོར་བསྐྱར་གསོ་ཡོང་བའི་གཞི་རྟེན་ད་དུང་བརྟན་པོ་ཚུགས་ཐུབ་མེད་པ་བཅས་གནད་དོན་ཤིན་ཏུ་ཆེ།

རྒྱ་ནག་གིས་ལག་བསྟར་བྱས་པའི་ནད་ཡམས་གཙང་སེལ་གྱི་སྲིད་ཇུས་ཞེས་པ་ནི། སོ་སོས་སོ་སོར་བཟོས་པའི་འཛམ་བུ་གླིང་ན་མཐོང་དུ་མེད་པའི་རང་སྲོག་རང་གཅོད་ཀྱི་ལས་ངན་ཚབས་ཆེན་ཞིག་ཏུ་ངེས་ཤིང་། ཞིས་ཅིན་ཕིང་འཛིན་སྐྱོང་གིས་ཞི་མིས་བཙོག་པ་རང་གསུབ་ཀྱི་དཔེ་བཞིན་འདི་ལྟར་བརྗོད་ཡོད་དེ། ལོ་ངོ་༣ གྱི་རིང་ལ། རྒྱ་ནག་གི་ནད་ཡམས་ཀྱི་རྐྱེན་ལས་འདས་གྲོངས་སོང་བའི་མིའི་གྲངས་འབོར་ནི་གོ་ལའི་ཁྱོན་ཡོངས་ལས་ཚད་དམའ་ཤོས་ཡིན། ཞེས་དང་། ནད་ཡམས་སྔོན་འགོག་གི་ལས་དོན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་ཡོད། ཅེས་དང་། འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་གྱི་ལོ་རྒྱུས་ནང་རྒྱལ་ཁབ་ཆེན་པོས་ནད་ཡམས་དར་ཁྱབ་ཀྱི་དཀའ་ངལ་སེལ་བའི་ངོ་མཚར་རྨད་བྱུང་གི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ཡོད། ཅེས་བརྗོད།

དེ་དང་དུས་མཚུངས་སུ། འཛམ་གླིང་གིས་མཐོང་གསལ་ལ། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་གིས་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་བཞིན་གོ་ལའི་ཁྱོན་ཡོངས་ལས་ཚད་དམའ་ཤོས་ཡིན་པའི་མན་ངག་ཁྱད་ཅན་ཞིག་ཡོད་པ་ནི། ནད་ཡམས་ཀྱི་དངོས་ཡོད་གནས་སྟངས་སྦས་གསང་བྱ་རྒྱུ་དེ་ཡིན་པ་རེད། གནས་སྟངས་དེའི་དབང་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཡང་ནས་བསྐྱར་དུ་རྒྱ་ནག་གིས་ནད་ཡམས་ཀྱི་ཆ་འཕྲིོན་ཕྱི་གསལ་ནང་གསལ་བྱས་མེད་པར་སྐྱོན་བརྗོད་བྱས་དགོས་བྱུང་བ་རེད།

ནད་ཡམས་ཀྱི་དོ་ཕོག་འོག་ནས་རྒྱ་ནག་གི་དཔལ་འབྱོར་སླར་གསོ་ཇི་ལྟར་བྱ་མིན་ནི། འཛམ་གླིང་གིས་ད་ལན་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་དོ་སྣང་བྱེད་དོན་གཙོ་བོ་ཞིག་ཏུ་ངེས་ཤིང་། ལི་ཆང་རྒྱ་ནག་གི་སྲིད་བློན་ཆགས་པའི་གནས་ཚུལ་ཐོན་རྗེས། ཨ་མེ་རི་ཀའི་ནོར་སྲིད་གསར་འགྱུར་བརྙན་འཕྲིན་ཁང་དང་། དྲྭ་ཚིགས་CNBCནས་གནས་ཚུལ་སྤེལ་བར། རྩོམ་ཀྱི་ཁ་བྱང་ལ། ལི་ཆང་ལགས་ནི་རྒྱ་ནག་གི་སྲིད་བློན་ཆགས་སོང་། ལས་འགན་ལགས་ནི་རྒྱ་ནག་གི་དཔལ་འབྱོར་བསྐྱར་གསོ་རེད། ཅེས་འཁོད། དེ་ལྟ་བུའི་རྩོམ་གྱི་ཁ་བྱང་བཀོད་པའི་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དང་མགོ་བརྗོད་ནི་བགྲང་གིས་མི་ལང་བར་འདུག།

འོན་ཏེ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ལི་ཆང་སྲིད་བློན་ལ་འོས་འདེམས་བྱས་རྗེས། ཞིས་ཅིན་ཕིང་དང་ལི་ཆང་གིས་རྒྱ་ནག་གི་དཔལ་འབྱོར་ཇི་ལྟར་བསྐྱར་གསོ་བྱ་རྒྱུ་ཡིན་པ་དང་། རྒྱ་ནག་གི་དཔལ་འབྱོར་ལ་བསྐྱར་དུ་གསོན་ཤུགས་ཇི་ལྟར་རྒྱས་འཇུག་རྒྱུ་ཡིན་པ། རྒྱ་ནག་གི་མི་མང་པོས་དྲི་བ་འདི་དག་གི་ཐད་བཟང་ཕྱོགས་ཀྱི་རེ་བ་མཐོང་གི་མེད་ཅིང་། ཁོང་ཚོས་ཞིས་ཅིན་ཕིང་དང་ལི་ཆང་གཉིས་ཀ་དཔལ་འབྱོར་ཐད་ལ་གོ་རྟོགས་མེད་པར། གང་བྱུང་མང་བྱུང་ཞེ་གཅིག་བྱེད་མཁན་གྱི་གྲས་ཡིན་པར་བཞེད། ཞིས་ཅིན་ཕིང་གིས་ལོ་ངོ་གསུམ་རིང་ནད་ཡམས་དམ་དྲག་གི་སྲིད་ཇུས་ཟིན་ཞིང་། ལི་ཆང་ཧྲང་ཧེའི་དམར་ཤོག་གི་འགོ་ཁྲིད་ཆགས་རྗེས། ཧྲང་ཧེ་ལ་བཙན་དབང་གི་སྒོ་ནས་ནད་ཡམས་དམ་དྲག་གི་སྲིད་ཇུས་ཅི་ནུས་ཀྱིས་སྤེལ་ཏེ་གྲོང་ཁྱེར་ཡོངས་ལ་ཐེམ་སྤང་བཀའ་རྒྱ་བསྡམས་པར་མ་ཟད། དུས་ཡུན་ཟླ་ངོ་འགའི་རིང་ལ་རྒྱ་ནག་གི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གྱི་ཡངས་རྩེ་ཡིན་པའི་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པའི་ཧྲང་ཧེ་གྲོང་ཁྱེར་དེ་བཞིན་ཆད་འབབ་ཡོང་སོང་གོ་འཛོལ་གྱི་ཚད་ལ་བསྐྱལ་བ་ནི་སྐྱེ་བོའི་བློ་གྲོས་ཀྱིས་འདུམ་མི་ཐུབ་པ་ཞིག་ཏུ་སྣང་།

སྐྱེ་བོའི་ཚོགས་ཀྱིས་བརྗོད་ཚོད་མི་ཐིག་པའི་དྲིལ་བསྒྲགས་དོན་དུ་གཉེར་བ།

རྒྱ་ནག་གི་མི་དམངས་མང་པོ་ཞིག་གི་འཚོ་བར་དཀའ་ངལ་འཕྲད་བཞིན་པ་དང་། དོ་བདག་སོ་སོ་དང་ནང་མིའི་མ་འོངས་པར་སེམས་ཁྲང་འབྱུང་བཞིན་པའི་སྐབས་འདིར། རྒྱ་ནག་དམར་ཤོག་གི་མགྲིན་ཚབ་པ་CCTVདབུས་བརྙན་འཕྲིན་ལས་ཁུངས་ཀྱིས་རྒྱ་ནག་མི་དམངས་ཀྱི་མདུན་ལ་རྒྱ་ནག་དམར་ཤོག་འཛིན་སྐྱོང་གིས་གཉེར་བཞིན་པའི་བཟང་ཕྱོགས་ཀྱི་རོལ་རྩེད་ཀྱི་དྲིལ་བསྒྲགས་ཞེས་པ་ཤུགས་ཆེ་འདོན་སྤེལ་བྱེད་ཅིང་། ཉེ་ཆར་སྤྱི་ཟླ་༣ པའི་ཚེས་༡༢ ཉིན། རྒྱ་ནག་གི་དྲྭ་དམངས་ཀྱིས་སྤྱི་ཚོགས་དྲྭ་རྒྱའི་བརྒྱུད་ལམ་ཝེ་པཱོི་ལས་གནས་ཚུལ་སྤེལ་དོན་ལ། དབུས་བརྙན་འཕྲིན་ལས་ཁུངས་ཀྱིས་གཞོན་སྐྱེས་ཚོར་བརྩོན་པ་ལྷུར་ལེན་དགོས་པའི་སྐུལ་མ་གཏོང་བྱེད་དང་། གན་རྐྱལ་ལོག་ནས་རང་སར་བསྡད་མི་རུང་བའི་བསླབ་བྱ་རྒྱག་བྱེད་དུ། སྤྱི་ཟླ་༣ པའི་ཚེས་༩ ཡི་ཉིན། ཅི་བསམ་དོན་འགྲུབ་ཅེས་པའི་བརྙན་འཕྲིན་ལེའུ་ཅན་གསར་པ་ཞིག་བཟོ་འདོན་བྱས་ཡོད་ཅིང་། དེའི་ནང་གི་མི་སྣ་གཙོ་བོ་བུད་མེད་དབུལ་པོ་ཞིག་གིས་པེ་ཅིང་དུ་ཞོར་ལས་གཉེར་ནས་ལོ་འགའི་རིང་དངུལ་བསགས་རྗེས། པེ་ཅིང་གྲོང་ཁྱེར་གྱི་སྐོར་ལམ་གཉིས་པའི་ཐོག་ཁང་ཆེན་པོའི་འཁྲིས་སུ་ཕྱོགས་བཞིར་ཁང་མིག་གིས་བསྐོར་བའི་རྒྱ་ལུགས་ཁང་པ་དཀྱིལ་ལ་ར་སྐོེར་ཡོད་པ་ཞིག་ཉོས་ཡོད་པར་མི་རྣམས་ཧང་སངས།

དོན་དངོས་ཐོག་དེང་སྐབས་པེ་ཅིང་གྲོང་ཁྱེར་སྐོར་ལམ་གཉིས་པའི་གྲོང་ཁྱེར་གྱི་དཀྱིལ་ལ་ཁང་པ་ཕྱོགས་བཞིར་ཁང་མིག་གིས་བསྐོར་བའི་སྔར་ལུགས་པེ་ཅིང་གི་ཁང་པ་ཞིག་ལ། ཡུལ་ཐང་གཞིར་བཟུང་བྱས་ན་རྒྱ་སྒོར་དུང་ཕྱུར་གཅིག་གི་ཡན་ཡིན་པ་དང་། ཐ་ན་དུང་ཕྱུར་འགའ་ཤས་ཀྱང་འབབ་ཀྱི་ཡོད་པས། དེ་ལྟ་བུའི་གནས་སྟངས་ལ་གཞིགས་ན། རྒྱ་ནག་གི་དྲྭ་དམངས་རྣམས་བསམ་བརྗོད་ཀྱི་ཡུལ་ལས་འདས་ཏེ་ཧ་ལས་ཧང་སངས་ཤིང་། གཅིག་རྗེས་གཉིས་མཐུད་དུ་གློག་བརྙན་དེ་དང་འབྲེལ་ནས་དྲྭ་ལམ་དུ་མཆན་བརྒྱབ་པར།

བརྙན་འཕྲིན་ཟློས་གར་དེའི་ནང་གི་མི་སྣ་གཙོ་བོ་བུད་མེད་དེས་པེ་ཅིང་ནས་མཚོན་ཆའི་ཚོང་རྒྱག་གི་མེད་འགྲོ། ཞེས་དང་།

མོས་ཨ་མེ་རི་ཀར་ཆས་ནས་ B-2རྟགས་ཅན་གྱི་གཏོར་རྒོལ་འཐབ་གྲུ་བརྐུས་ནས་རྒྱ་ནག་གཞུང་ལ་ཕུལ་ཡོད་པ་འདྲ། ཞེས་དང་།

ཡིན་སྲིད། དུག་བཙོང་ན་དེ་འདྲ་ཆགས་སྲིད། འཚོ་བའི་གནོན་ཤུགས་ཀྱིས་ཨར་མི་བརྟེན་པ་རྣམས་རིམ་བཞིན་དུག་ཚོང་རྒྱག་པའི་ལམ་ཁར་འདེད་བཞིན་ཡོད། གཞུག་ལ་ཚིག་འདི་བསྣན་ཆོག་པར་ཞུ། “I’m not in danger, I’m the danger”ཨེ། དངོས་གནས་ལན་པོ་འདུག། ཅེས་འཁོད་འདུག།

XS
SM
MD
LG