༄༅།། རྒྱ་ནག་གིས་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཚམས་བཞག་ནས་བཟུང་། སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་དྲགས་ཏེ་གླགས་ཁེལ་གྱི་མེད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་ཨེ་ཤི་ཡའི་དུས་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨོ་མཱི་ཀོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་གིས་རྒྱ་ནག་པ་སྨན་ཁབ་བརྒྱབ་མེད་པ་དང་རྒན་རྒོན། ལོ་༨༠་དང་དེའི་ཡན་ཆད་ཀྱི་མི་གྲངས་ས་ཡ་༡་ལྷག་ལ་འཆི་སྐྱོན་འཕོག་སྲིད་པའི་ཉེན་ཁ་ཆེ། པེ་ཅིང་གཙོ་བོར་གྱུར་པའི་རྒྱ་ནག་གི་གྲོང་ཁྱེར་ཁག་གི་གཞུང་གཉེར་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་སྙལ་ས་མེད་པའི་མཚམས་སུ་བསླེབས། འདས་པའི་ཉིན་ཤས་ཤིག་ནས་པེ་ཅིང་དང་ཀོང་ཀྲུག ཝུ་ཧན་དང་ཧྲི་ཅ་ཀྲོང་སོགས་སུ་ནད་པ་རྣམས་སྨན་ཁང་ཕྱི་ལོགས་སུ་བང་བསྒྲིགས་ཏེ་ཉལ་ས་ཞིག་ཐེམས་རྒྱུའི་རེ་ལྟོས་འཆང་། པེ་ཅིང་གྲོང་ཁྱེར་གྱི་འཕྲོད་བསྟེན་ལྷན་ཁང་གིས་ནད་པ་ཛ་དྲག་མིན་པ་ཚོས་ཁ་པར་ཨང་གྲངས་༡༢༠་མནན་ཏེ་ཛ་དྲག་གི་མྱུར་སྐྱོབ་པ་འབོད་མི་དགོས་པ་གཙོ་འདོན་བྱོས་ཞེས་ནན་གྱིས་བསྐུལ། སྨན་ཁང་དུ་མ་ཕྱིན་པར་ཁྱིམ་དུ་བསྡད་ཡོད་པའི་ནད་པ་ཚོས་དྲྭ་ལམ་དང་སྨན་ཚོང་ཁང་སོགས་གང་དུའང་ཚ་འཇོམས་དང་ཟུག་གཅོག་གི་སྨན་ཉོ་རྒྱུ་མ་རག མི་འགའ་ཤས་ཀྱིས་ཧོང་ཀོང་ནས་ཚ་འཇོམས་སྨན་ཉོ་དགོས་ཐུག་གི་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་སྨན་པ་མཁས་པ་ཚོས་མ་འོངས་པའི་བདུན་ཕྲག་གསུམ་གྱི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་མང་དུ་འགྲོ་རྒྱུ་ཡིན་ཞིང་། ཨོ་མཱི་ཀོ་རོན་ཏོག་དབྱིབས་ནད་དུག་ནི་ཐོག་མའི་ཏོག་དབྱིབས་ནད་དུག་ལྟར་ཚབས་ཆེན་ཞིག་མིན་རུང་ལོ་༨༠་ཅན་དང་དེའི་ཡན་ཆད་ཀྱི་རྒན་རྒོན་ཚོར་གློ་ཚད་ཕོག་སྟེ་ཚབས་ཆེན་ཞིག་ཏུ་འགྱུར་སྲིད་ཅེས་ཉེན་བརྡ་བཏང་འདུག
དེང་སྐབས་རྒྱ་ནག་རྒྱལ་ཡོངས་སུ་ལོ་༨༠་ཡན་ཆད་དུ་སོན་པའི་རྒན་རྒོན་མི་གྲངས་བྱེ་བ་༣་དང་ཕྱེད་ཀ་ཡོད་པ་དང་ཟླ་བ་སྔོན་མའི་མཚམས་སུ་རྒན་རྒོན་གྱི་མི་འབོར་དེའི་ཁོངས་ནས་མི་གྲངས་བརྒྱ་ཆ་༤༠་ཐམ་པར་མ་གཏོགས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བརྒྱབ་མེད་ཅིང་། རྒྱ་ནག་གི་རྒན་རྒོན་ལོ་༦༠་ཡན་ཆད་དུ་སོན་པ་ས་ཡ་༢༥་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་གཏན་ནས་བརྒྱབ་མེད་པས་ཕྱི་ཟླ་༡༢་པའི་ཚེས་༧་ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་དང་བཀག་སྡོམ་གྱི་ལས་ཐབས་དོན་ཚན་བཅུ་བཏོན་ཏེ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོ་རང་ཁྱིམ་དུ་ཟུར་འགོག་བྱ་དགོས་པ་དང་མི་མང་ལ་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ་ཉུང་དུ་ཐོངས། གྲོང་ཁྱེར་ཁག་གིས་སྒོ་རྒྱ་མ་བསྡམས་ཀྱང་ཆོག་ཅེས་བསྒྲགས། འདི་ནི་རྒྱ་ནག་གིས་ལག་ལེན་བསྟར་པའི་ཏོག་དབྱིབས་ནད་དུག་གཙང་སེལ་སྲིད་ཇུས་དེས་ཁུངས་མ་འཁྱོལ་བ་དང་རྒྱ་ནག་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གི་རྗེས་སུ་འབྲངས་ནས་ན་ཞོར་དང་དྲག་ཞོར། མི་དམངས་ཀྱི་རྒྱུན་ལྡན་འཚོ་བ་སླར་གསོ་བྱ་རྒྱུའི་ཕྱོགས་སུ་སྐྱོད་ཀྱི་ཡོད་པའི་འགྱུར་བ་ཆེན་པོ་ཞིག་ཡིན་འདུག རྒྱ་གཞུང་གི་གསར་འགྱུར་ལས་ཁང་ཁག་གིས་བདུན་ཕྲག་སྔོན་མར་གྲོང་ཁྱེར་ཁག་གི་སྨན་ཁང་དེ་ཚོས་ནད་པར་ལྟ་སྐྱོང་བྱེད་ཐུབ་ཀྱི་འདུག་ཅེས་གནས་ཚུལ་སྤེལ། པེ་ཅིང་བ་རུས་མིང་ཀྲུག་ཟེར་བ་ཞིག་གིས་ཨེ་ཤི་ཡའི་དུས་ཚགས་པར་གྱི་གསར་འགོད་པར་ཚ་བ་འཕར་ཡོད་པ་དང་མིད་པ་ན་བ། ཤ་རྒོད་དང་ལྷུ་ཚིགས་ལ་ན་ཟུང་ལྡང་བའི་ནད་པ་ཚོས་སྨན་ཁང་ལ་སྟོན་རྒྱུ་ཇེ་མང་དུ་འགྲོ་བཞིན་འདུག ང་ཕྱི་ཟླ་༡༢་པའི་ཚེས་༣་ནས་སྨན་དུ་ཉལ་བ་ཡིན། སྨན་ཁང་འདིར་ལས་བྱེད་པ་༣༠༠་ཡོད་པ་དེའི་ཕྱེད་ཀ་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་རྟགས་ཐོན་སོང་། སྔོན་ཆད་སྨན་ཞབས་པ་རེས་ནད་པ་གཉིས་ལ་ལྟ་སྐྱོང་བྱེད་ཀྱི་ཡོད་པ་དང་ད་ལྟ་ནད་པ་༡༠་ལ་ལྟ་སྐྱོང་བྱ་དགོས་ཀྱི་འདུག སྨན་ཁང་དེར་མལ་ཁྲི་༡༠༠༠་ཡོད་པའི་གསུམ་ཆའི་གཉིས་ཏོག་དབྱིབས་ནད་དུག་འགོས་པའི་ནད་ཚོས་བཟུང་འདུག་ཅེས་བཀྲལ།།
རུས་མིང་ཅང་ཞེས་པའི་ནད་པ་ཞིག་གིས་ང་སྨན་ཁང་༥་ལ་བསྟེན་གཏུག་བྱེད་དུ་སོང་སྟེ་མཐའ་མཇུག་སྨིན་ཁང་འདིའི་ནང་དུ་ཉལ་ས་ཞིག་རག་བྱུང་། ནད་རྟགས་ཚབས་ཆེན་མིན་པའི་ནད་པ་ཚོར་སྨན་ཁང་ཕལ་ཆེ་བས་ལྟ་ཡི་མི་འདུག ངས་སྨན་ཞིག་ཉོ་རྒྱུ་དེར་ཆུ་ཚོད་གཅིག་ལ་བང་བསྒྲིགས་ནས་སྒུག་པ་ཡིན་ཞེས་བཤད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་པེ་ཅིང་ཏི་ཐན་སྨན་ཁང་གི་འགན་འཛིན་གཞོན་པ་ཁྲེན་ཤའོ་ཡུག་གིས་པེ་ཅིང་ན་གཞོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པར་ཏི་ཐན་སྨན་ཁང་གཅིག་པུའི་ནང་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༣༦༧་ཡོད། ནད་པ་དེ་དག་གི་གསུམ་ཆའི་གཅིག་ལོ་༦༠་ཡན་ཆད་ཡིན་པ་དང་ཏི་ཐན་སྨན་ཁང་གིས་ནད་པ་ཚབས་ཆེན་ཚོར་མ་གཏོགས་ལྟ་ཡི་མེད། གཞན་རྣམས་རང་ཁྱིམ་དུ་ཕྱིར་སློག་བྱས་ནས་ཟུར་འགོག་བྱས་ཏེ་སྡོད་ཟེར་གྱི་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། གཟའ་ཟླ་བའི་ཉིན་པེ་ཅིང་ཛ་དྲག་ཉེན་སྐྱོབ་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཝང་ཡུང་གིས་ཉིན་ཤས་སྔོན་ནས་ཉི་མ་རེར་ཛ་དྲག་གི་ཁ་པར་གཏོང་མཁན་༣༠༠༠༠་ལྷག་འབྱོར་གྱི་འདུག དུས་རྒྱུན་གྱི་ཛ་དྲག་ཁ་པར་འབྱོར་བ་ལས་ལྡབ་༦་མང་དུ་ཕྱིན་སོང་། མི་མང་རྣམས་རང་ཁྱིམ་དུ་ཟུར་འགོག་བྱེད་པའམ། ཡང་ན་སྨན་ཁང་དུ་བསྐྱོད་དགོས། ཁ་པར་ཨང་གྲངས་༡༢༠་མནས་ནས་སྐྱོབ་ཏུ་ཤོག་ཟེར་ཡང་ང་ཚོར་བྱ་ཐབས་བྲལ་ཞེས་དཀའ་ངལ་བགྲངས། ཧྲང་ཧེ་གྲོང་ཁྱེར་གྱི་ཧྭ་ཧྲན་སྨན་ཁང་གི་འགོས་ནད་སྡེ་ཚན་གྱི་འགན་འཛིན་ཀྲང་ཝེ་ཧུང་གིས་མ་འོངས་པའི་ཟླ་བ་གསུམ་བཞི་ཞིག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེན་འགྲོ་རྒྱུ་ཡིན་པས་སྨན་པ་དང་སྨན་ཞབས་པ་ཚོས་གདོང་ལེན་གྱི་གྲ་སྒྲིག་ཚུལ་བཞིན་བྱ་དགོས་ཞེས་བཀོད་ཁྱབ་བཏང་འདུག
ཧང་ཧེ་གྲོང་ཁྱེར་གྱི་སྨན་པ་དང་གཞུང་འབྲེལ་མི་སྣ་ཚོས་གསལ་བསྒྲགས་སྤེལ་བ་ལྟར་ན། ད་ལྟ་ཧྲང་ཧེ་གྲོང་ཁྱེར་དུ་ཁྱབ་ཀྱི་ཡོད་པའི་ཏོག་དབྱིབས་ནད་དུག་ནི་ཕྱི་ཟླ་༣་པ་ནས་༥་པའི་བར་དུ་ཁྱབ་པའི་ཏོག་དབྱིབས་ནད་དུག་དང་མ་མི་འདྲི་ཞིང་། ད་ལྟའི་ནད་དུག་འདི་གང་དུ་ཡིན་རུང་འགོ་སླ། ཨོ་མཱི་ཀོ་རན་ཏོག་དབྱིབས་ནད་དུག་གིས་མིད་པར་ཟ་འཕྲུག་སློང་བ་དང་མིད་པ་ན་བ། ཧབ་ཆི་རྒྱག་པ་དང་སྣ་འཚང་བ། གློ་རྒྱག་པ་འབའ་ཞིག་བྱེད་ཀྱི་རེད་ཟེར་གྱི་ཡོད་པ་ནི་བདེན་པ་མ་རེད། ཨོ་མཱི་ཀོ་རན་ཏོག་དབྱིབས་ནད་དུག་འགོས་ནས་གློ་ཚད་འཕོག་གི་ཡོད་པའང་འདུག་ཅེས་གསལ་བཀྲོལ་བྱས་འདུག རྒྱ་ནག་གི་རྒྱལ་ཡོངས་ནད་རིགས་སྔོན་འགོག་དང་བཀག་སྡོམ་ཁང་གི་ལས་སྣེ་ཞཱ་ཀང་གིས་ལོ་༨༠་ཅན་དང་དེའི་ཡན་ཆད་ཀྱི་མི་མང་ལ་སྨན་ཁབ་རྒྱག་རྒྱུ་ཇེ་མགྱོགས་སུ་གཏོང་དགོས། མི་འགའ་ཤས་ཀྱིས་སྨན་ཁབ་དེར་ཞོར་གནོད་ཆེན་པོ་ཡོད་སྲིད་པའི་དོགས་པ་བྱས་ནས་སྨན་ཁབ་རྒྱག་གི་མི་འདུག ༢༠༢༡་གི་ལོ་མཇུག་མཚམས་དེར་རྒྱ་ནག་གི་རྒན་རྒོན་ལོ་༨༠་ཡན་ཆད་དུ་སོན་པ་བརྒྱ་ཆ་༧༧་ལ་སྨན་ཐུན་དང་པོའི་འགོག་ཁབ་བརྒྱབ་ཡོད་པ་དང་མི་གྲངས་བརྒྱ་ཆ་༦༦་ལ་སྨན་ཐུན་གཉིས་ཀའིའགོག་ཁབ་བརྒྱབ་འདུག རྒན་རྒོན་ཚོའི་གྲས་སུ་ཤུགས་སྐྱེད་སྨན་ཁབ་གསུམ་པ་བརྒྱབ་ཡོད་པ་བརྒྱ་ཆ་༤༠་ལས་མ་ལོངས། རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཀྱི་འགན་འཛིན་ཀྲེང་ཀྲུང་ཝེས་རྒན་རྒོན་ལོ་༨༠་ཅན་དང་དེའི་ཡན་ཆད་སྨན་ཁབ་བརྒྱབ་མེད་པ་ཚོར་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འབྱུང་རྒྱུ་བརྒྱ་ཆ་༡༤.༧་འདུག སྨན་ཁབ་གཅིག་བརྒྱབ་པ་ཚོར་འཆི་སྐྱོན་འབྱུང་རྒྱུ་བརྒྱ་ཆ་༧.༡༦་ཡིན་པ་དང་སྨན་ཁབ་གསུམ་བརྒྱབ་པ་ཚོར་འཆི་སྐྱོན་འབྱུང་རྒྱུ་བརྒྱ་ཆ་༡.༥་རེད་ཅེས་གཞི་གྲངས་བཏོན། ཕྱི་ཟླ་༡༢་པའི་ཚེས་༧་ཉིན་རྒྱ་ནག་གི་ནད་རིགས་སྔོན་འགོག་དང་བཀག་སྡོམ་ལྟེ་གནས་ཀྱི་འགན་འཛིན་གཞོན་པ་ཟུར་པ་ཧྥེང་ཙི་ཅན་གྱིས་ཏོག་དབྱིབས་ནད་དུག་ཁྱབ་སྟངས་འདིར་སྟངས་འཛིན་བྱེད་མ་ཐུབ་ཚེ། རྒྱ་ནག་ལ་མི་འབོར་དུང་ཕྱུར་༡༤་ཡོད་པ་དེའི་ཁོངས་ནས་མི་གྲངས་དུང་ཕྱུར་༨་དང་བྱེ་བ་༤་སྟེ། རྒྱ་ནག་གི་མི་འབོར་བརྒྱ་ཆ་༦༠་ཐམ་པར་ཏོག་དབྱིབས་ནད་དུག་འགོ་རྒྱུ་དང་ཕུགས་སུ་རྒྱ་ནག་མི་དམངས་བརྒྱ་ཆ་༨༠་ནས་༩༠་ཙམ་ལ་ནད་དུག་འགོས་ཡོད་པའི་ནད་རྟགས་འཐོན་ས་རེད་ཅེས་བསྡོམས་བརྒྱབ།།
ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སློབ་ཆེན་ཁག་ཅིག་གིས་ལོ་སར་དུས་སུ་ཏོག་དབྱིབས་ནད་དུག་ཁྱབ་སྲིད་པ་འགོག་ཐབས་སུ་སློབ་ཕྲུག་ཚོ་རང་ཁྱིམ་དུ་སློག་སྟེ་དྲྭ་ལམ་དུ་སློབ་ཚན་མཇུག་སྐྱོང་བྱེད་དུ་འཇུག་རྒྱུའི་ཐག་བཅད། རྒྱ་ནག་གི་སློབ་གྲྭ་ཅི་ཙམ་ལས་གཞི་དེར་ཞུགས་ཀྱི་ཡོད་མེད་བཤད་མི་ཐུབ་ཀྱང་ཧྲང་ཧེ་དང་དེའི་ཉེ་འཁོར་གྱི་གྲོང་ཁྱེར་ཁག་གི་སློབ་ཆེན་ཚོས་སློབ་ཕྲུག་ཚོ་སྔ་ཙམ་རང་ཁྱིམ་དུ་སློག་པའམ། ཡང་ན་སློབ་གྲྭར་བསྡད་དེ་ཆུ་ཚོད་༤༨་རེའི་མཚམས་སུ་བརྟག་དཔྱད་ཐེངས་རེ་བྱ་དགོས་པའི་གདམ་ཀ་སྤྲད། ད་ལོའི་ཕྱི་ཟླ་དང་པོའི་ཚེས་༢༢་ནས་རྒྱ་ནག་གི་ལོ་སར་ཡིན་པས་འགྲིམ་འགྲུལ་དང་བྲེལ་འཚུབ་ཀྱི་དུས་སྐབས་ཤིག་ཡིན་འདུག རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་སྟེ་སློབ་ཆེན་གྱི་སློབ་ཕྲུག་ཚོས་རྟག་ཏུ་གཞི་རྒྱ་ཆེ་ཆུང་ལ་མ་ལྟོས་པར་གཞུང་གི་ནད་འགོག་སྲིད་ཇུས་ལ་ངོ་རྒོལ་བྱས་ཤིང་། ཉེ་དུས་ཤིག་ནས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་སློབ་གྲྭ་ཚོས་སློབ་ཕྲུག་ནད་པ་རྣམས་སློབ་གྲྭའི་ནང་དུ་ཟུར་འགོག་བྱ་རྒྱུའི་ཚབ་ཏུ་རང་ཁྱིམ་དུ་སློག་ན་ཏོག་དབྱིབས་ནད་དུག་འགོ་རྒྱུའི་ཉེན་ཀ་ཆུང་བར་བརྩིས། དེ་རིང་གཟའ་མིག་དམར་ནས་རྒྱ་ནག་གཞུང་གིས་མི་དམངས་རྣམས་གང་དུ་འགྲིམ་འགྲུལ་བྱས་ཡོད་མེད་ལ་རྟོག་ཞིབ་བྱེད་ཀྱི་ཡོད་པ་མཚམས་བཞག ཡིན་ནའང་རྒྱ་ནག་གིས་ཕྱི་ལ་སྒོ་བརྒྱབ་སྟེ་ཕྱི་ལོགས་ཀྱི་འགྲུལ་པ་ནང་ལ་ཡོང་དུ་འཇུག་གི་མེད་པ་དང་ནང་གི་འགྲུལ་པ་ཕྱི་ལ་བསྐྱོད་དུ་འཇུག་གི་མེད་པའི་དམ་དྲག་རྣམས་དུས་ནམ་ཞིག་ཕྱིར་འཐེན་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་པའི་གནས་ཚུལ་ཐོན་འདུག