ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཞི་ཅིན་ཕིང་གི་"དོམ་ཁྲའི་ཕྱི་སྲིད་" ལ་ཕམ་ཁ་མྱངས་དོན་ཅི་ཡིན་ནམ།
གཟའ་ལྷག་པ། ༢༠༢༥/༠༤/༣༠

ཞི་ཅིན་ཕིང་གི་"དོམ་ཁྲའི་ཕྱི་སྲིད་" ལ་ཕམ་ཁ་མྱངས་དོན་ཅི་ཡིན་ནམ།


ཧྥེན་ལན་ཌིའི་ཨཱ་ཐེ་རི་Ähtäri གྲོང་ཁྱེར་གྱི་སྲོག་ཆགས་གླིང་གར་བོགས་མར་ཉར་ཡོད་པའི་རྒྱ་ནག་གི་དོམ་ཁྲ། ད་ལྟ་རྒྱ་ནག་ཏུ་ཕྱིར་སློག་བཏང་ཟིན།
ཧྥེན་ལན་ཌིའི་ཨཱ་ཐེ་རི་Ähtäri གྲོང་ཁྱེར་གྱི་སྲོག་ཆགས་གླིང་གར་བོགས་མར་ཉར་ཡོད་པའི་རྒྱ་ནག་གི་དོམ་ཁྲ། ད་ལྟ་རྒྱ་ནག་ཏུ་ཕྱིར་སློག་བཏང་ཟིན།

༢༠༡༨ ལོའི་སྤྱི་ཟླ་དང་པོར། རྒྱ་ནག་གིས་ཕྱི་འབྲེལ་ལེགས་སྐྱེས་སུ་ཕུལ་བའི་དོམ་ཁྲ་"ཅིན་པའོ་པའོ་"དང་"ཧྭ་པའོ་"ཞེས་སུ་འབོད་པ་དེ་གཉིས་ཧྥེན་ལན་ཌིའི་ཨཱ་ཐེ་རི་Ähtäri གྲོང་ཁྱེར་གྱི་སྲོག་ཆགས་གླིང་གར་འབྱོར་ཞིང་། དོམ་ཁྲ་དེ་གཉིས་ནི་རྒྱ་ནག་དམར་ཤོག་གི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་དང་ཧྥེན་ལན་ཌིའི་སྲིད་འཛིན་གཉིས་དབར་བཞག་པའི་གྲོས་མཐུན་གྱི་ཆ་ཤས་ཤིག་ཡིན་པ་རེད། འོན་ཀྱང་། ༢༠༢༤ ལོའི་ལོ་མཇུག་ཏུ་ཞི་ཅིན་ཕིང་བརྒྱུད་ཧྥེན་ལན་ཌིའི་སྲོག་ཆགས་གླིང་གར་བོགས་མར་བཏང་ཡོད་པའི་དོམ་ཁྲ་དེ་གཉིས་དུས་ཡུན་ལོ་ངོ་བརྒྱད་སྔ་སྣུར་གྱིས་རྒྱ་ནག་ཏུ་ཕྱིར་སློག་བྱས་ཏེ། ལས་འཆར་དེ་བཞིན་མཇུག་སྒྲིལ་གྱིས་རྒྱ་ནག་དང་ཧྥེན་ལན་ཌི་གཉིས་དབར་གྱི་"དོམ་ཁྲའི་ཕྱི་སྲིད་འབྲེལ་ལམ་" ལ་རྫོགས་ཚིག་བཀོད་ཡོད་པ་རེད།

དོམ་ཁྲ་དེ་གཉིས་ཕྱིར་སློག་བྱས་པ་དེས་ཨཱ་ཐེ་རི་སྲོག་ཆགས་གླིང་གར་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོར་ལྷུང་བཅུག་ཡོད་པར་མ་ཟད། གྲོང་སྡེ་སྲིད་གཞུང་ལ་དོམ་ཁྲ་དང་འབྲེལ་བའི་ལས་གཞི་ལས་ཁྲིམས་འགལ་སྒྲིག་འགལ་གྱི་སྒོ་ནས་བུ་ལོན་འགན་ལེན་བྱས་པའི་ཉེས་འཛུགས་ཕོག་སྟེ། ད་ཆ་ཉེན་རྟོག་པས་ཞིབ་དཔྱོད་བྱེད་བཞིན་ཡོད་འདུག། ཧྥེན་ལན་ཌིར་བཅའ་སྡོད་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་དོན་རྐྱེན་དེར་རྒྱུས་ལོན་གཏིང་ཟབ་བྱས་ཏེ། རྒྱ་ནག་གི་"དོམ་ཁྲའི་ཕྱི་སྲིད་"ལ་ཧྥེན་ལན་ཌི་དང་རྒྱལ་ཁབ་གཞན་ཁག་གི་ནང་ཕམ་ཉེས་བྱུང་བའི་རྒྱུ་རྐྱེན་སྐོར་དཔྱད་ཞིབ་བྱས་འདུག

"དོམ་ཁྲའི་ཕྱི་སྲིད་"རྒྱབ་ལོགས་ཀྱི་ཆབ་སྲིད།

རྒྱ་ནག་དང་ཧྥེན་ལན་ཌིའི་དབར་གྱི་དོམ་ཁྲའི་ཕྱི་སྲིད་ལས་འཆར་དེ་ནི་༢༠༡༤ ལོར་འགོ་བཙུགས་ཤིང་། དེའི་ཚེ་དེའི་དུས་ཧྥེན་ལན་ཌིའི་སྲོག་ཆགས་གླིང་ག་གསུམ་སྟེ། ཧེལ་སིན་ཁི་གྷའོ་ལེ་གེ་ཨ་ས་ལི་སྲོག་ཆགས་གླིང་ག་དང་། ལ་ནུ་ཨ་སྲོག་ཆགས་གླིང་ག། ཨཱ་ཐེ་རི་སྲོག་ཆགས་གླིང་ག་བཅས་ཀྱིས་དོམ་ཁྲ་ལེན་རྒྱུའི་འགྲན་རྩོད་བྱས་མཐར། ཨཱ་ཐེ་རིར་གནམ་གཤིས་དང་ས་བབ་ཀྱི་ཆ་རྐྱེན་འཛོམས་ཤིང་། རྒྱ་ནག་གི་དོམ་ཁྲའི་གནས་ཡུལ་དང་འདྲ་བ་ཡོད་པ་དང༌། གླིང་གའི་རྒྱ་ཁྱོན་ཆེ་བ་སོགས་རྒྱུ་མཚན་དུ་བྱས་ཏེ་འདེམས་ཐོན་བྱུང་ཡོད་པ་རེད། དེའི་ནང་ནས་རྒྱུ་རྐྱེན་ཆེ་ཤོས་ཤིག་ནི་སྐབས་དེར་ཨཱ་ཐེ་རི་གྲོང་ཁྱེར་གྱི་ཆབ་སྲིད་མི་སྣ་མི་གྷོ་ས་ཝོ་ལ་ནི་ལས་འཆར་འདི་ཉིད་ལ་སྐུལ་འདེད་བྱེད་མཁན་གཙོ་བོ་ཞིག་ཡིན་པ་དང་། ཁོང་གི་ཆབ་སྲིད་ཀྱི་གནས་བབ་དང་སོ་སོའི་ཕ་ཡུལ་ལ་ཤུགས་རྐྱེན་ཆེ་བ་བཅས་ལ་བརྟེན་ནས་དོམ་ཁྲ་གནས་དེར་གོ་སྒྲིག་བྱ་རྒྱུ་ལམ་ལྷོངས་བྱུང་ཡོད་པ་རེད།

དོམ་ཁྲའི་ལས་འཆར་གྱི་ཐོག་མའི་རྒྱས་སྤྲོས་དང་ཕྱིས་ཀྱི་དཀའ་ངལ།

དོམ་ཁྲ་དང་པོར་ཧྥེན་ལན་ཌིར་འབྱོར་སྐབས་ཨཱ་ཐེ་རི་སྲོག་ཆགས་གླིང་གར་ལྟ་སྐོར་བ་མང་པོ་བསླེབས་ཡོད་པ་དང་། ༢༠༡༨ ལོར་སྲོག་ཆགས་གླིང་གར་ལྟ་སྐོར་བ་འབུམ་༢ གཉིས་དང་ཁྲི་༧ དང་སྟོང་ཚོ་༥ ཙམ་སླེབས་ཡོད་ཀྱང་། དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་ཨཱ་ཐེ་རི་སྲོག་ཆགས་གླིང་གའི་བདག་གཉེར་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་ཅིང་། ལྷག་པར་དུ་ཏོག་དབྱིབས་ནད་ཡམས་དང་ཡུག་ཀེ་རན་གྱི་དམག་འཁྲུག་གིས་རྐྱེན་པས་གནས་སྟངས་རྦད་དེ་ཇེ་སྡུག་ཏུ་བཏང་ཡོད་པ་རེད།

དོམ་ཁྲའི་རྒྱུན་མཁོ་འགྲོ་གྲོན་ཧ་ཅང་མཐོ་པོ་ཡིན་ཞིང་། ལོ་རེར་འཆར་ཅན་ཡུ་རོབ་སྒོར་མོ་ས་ཡ་༡ དང་འབུམ་༥ ཙམ་དགོས་ཀྱི་ཡོད་ཙང་། དེས་སྲོག་ཆགས་གླིང་ག་ལ་དཔལ་འབྱོར་གྱི་གནོན་ཤུགས་ཆེན་པོ་འཕྲད་བཅུག་ཡོད་པ་རེད། ཨཱ་ཐེ་རི་སྲོག་ཆགས་གླིང་གས་དོམ་ཁྲར་རྒྱུན་མཁོ་མཐུན་རྐྱེན་སྐྲུན་རྒྱུར་འགྲོ་སོང་ཁྱོན་བསྡོམས་ཡུ་རོབ་སྒོར་མོ་བྱེ་བ་༡ དང་ས་ཡ་༤ བཏང་ཡོད་ཅིང་། དོམ་ཁྲའི་གཟན་པ་ཤིང་སྨྱུག་མའི་ཡལ་ག་དང་ལོ་མ་ནི་ཧོ་ལན་ནས་མངགས་ཉོ་བྱེད་ཀྱི་ཡོད་པ་དང་། ལོ་གཅིག་ལ་ཡུ་རོབ་སྒོར་མོ་འབུམ་༡ འགྲོ་གི་ཡོད་པ་རེད། དེའི་ཐོག་ལོ་རེར་རྒྱ་ནག་ལ་བོགས་མའི་གླ་ཆ་ཨ་སྒོར་ས་ཡ་༡ བསྣན་པས། ལོ་གཅིག་གི་ནང་དོམ་ཁྲ་གཉིས་ལ་ཁྱོན་ཡུ་རོབ་སྒོར་མོ་བྱེ་བ་༡་དང་ས་ཡ་༥ ཙམ་གྱི་འགྲོ་གྲོན་གཏོང་དགོས་ཀྱི་ཡོད་པ་རེད།

༢༠༢༣ ལོར་ཨཱ་ཐེ་རི་སྲོག་ཆགས་གླིང་ག་བཟོ་ཚོང་ཁང་གིས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་གནས་སྟངས་ཁྱབ་བསྒྲགས་བྱས་ཏེ། མཐར་དོམ་ཁྲ་དེ་གཉིས་རྒྱ་ནག་ཏུ་ཕྱིར་སློག་གཏོང་བྱ་རྒྱུའི་ཐག་བཅད་དེ། ༢༠༢༤ ལོའི་སྤྱི་ཟླ་༡༡ པའི་༢༣ ཉིན། དོམ་ཁྲ་དེ་གཉིས་ཕྱིར་རྒྱ་ནག་གི་གྲོང་ཁྱེར་ཁྲེང་ཏུའུ་ལ་བསྐྱལ་ཡོད་པ་རེད། ལས་འཆར་འདི་ཕམ་ཉེས་བྱུང་བར་བརྟེན་ནས་ཧྥེན་ལན་ཌིའི་གཞུང་གི་ནང་ཁུལ་དུའང་དཔལ་འབྱོར་གྱི་དཀའ་ངལ་བཟོས་ཡོད་པ་དང་། ཨཱ་ཐེ་རི་གྲོང་སྡེ་སྲིད་གཞུང་གིས་དུས་ཡུན་རིང་པོར་སྲོག་ཆགས་གླིང་གར་བུ་ལོན་འགན་ལེན་མཁོ་སྤྲོད་བྱས་པར་བརྟེན་བུ་ལོན་གྱི་ཉེན་ཁའི་ནང་ལྷུང་སྟེ། ཉེན་རྟོག་པས་དེ་དོན་གྲོང་སྡེ་སྲིད་གཞུང་ལ་ཞིབ་དཔྱོད་བྱེད་འགོ་བཙུགས་ཡོད་པ་རེད།

ཆབ་སྲིད་དང་དཔལ་འབྱོར་གཉིས་ཀྱི་གནོན་ཤུགས།

ཨཱ་ཐེ་རིའི་དོམ་ཁྲའི་ལས་འཆར་ལ་ཕམ་ཉེས་བྱུང་བ་དེ་ནི། ཧྥིན་ལན་ཌིའི་གཞུང་གིས་སྲོག་ཆགས་གླིང་ག་ལ་རྒྱབ་སྐྱོར་བྱེད་ཕྱོགས་དང་འབྲེལ་བའི་སྒྲིག་འཛུགས་ཀྱི་དཀའ་ངལ་ཞིག་ཡིན་པ་གསལ་པོར་མངོན་ཡོད་ཅིང་། ཧེལ་སིན་ཁིའི་སྲོག་ཆགས་གླིང་ག་དང་མི་འདྲ་བར། ཨཱ་ཐེ་རི་སྲོག་ཆགས་གླིང་གའི་བཟོ་ཚོང་ཁང་ནི་ས་གནས་ཀྱི་བཟོ་ཚོང་ཁང་ཞིག་ཡིན་པའི་ཆ་ནས་གཞུང་གི་རྒྱབ་སྐྱོར་འདང་ངེས་ཤིག་ཐོབ་མེད་པ་དེ་ནི་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན་པ་རེད། གྲོང་སྡེ་སྲིད་གཞུང་གིས་སྲོག་ཆགས་གླིང་གར་རྒྱབ་སྐྱོར་བྱེད་སྐབས་རྒྱལ་སྤྱིའི་ཁོར་ཡུག་གི་འགྱུར་ལྡོག་དང་ནད་ཡམས་ཀྱིས་དཔལ་འབྱོར་ལ་ཐེབས་པའི་ཤུགས་རྐྱེན་སོགས་ཚོད་དཔག་མ་ཐུབ་པས་སྲོག་ཆགས་གླིང་གའི་མ་དངུལ་ཉུང་དྲགས་པའི་གནས་སུ་གྱར་བ་དང་ཕྱིས་སུ་བདག་གཉེར་གྱི་དཀའ་ངལ་དེ་རྣམས་བྱུང་ཡོད་པ་རེད།

དེ་ཙམ་དུ་མ་ཟད། ཨཱ་ཐེ་རི་གྲོང་ཁྱེར་གྱི་ས་གནས་ཀྱི་གནས་བབ་ཀྱང་ལྟ་སྐོར་བ་མང་པོ་ཡོང་བར་དགེ་མཚན་མེད་ཅིང་། ཐོག་མར་ལོ་རེར་ལྟ་སྐོར་བ་འབུམ་༡ དང་ཁྲི་༥ ནས་འབུམ་༢ བར་འགུག་ཐུབ་པའི་རེ་བ་བྱས་ཡོད་ཀྱང་། དོན་དམ་ལ་ལྟ་སྐོར་བའི་གྲངས་ཀ་དེ་སྔོན་རྩིས་ལས་ཧ་ཅང་ཉུང་ཉུང་ཡིན་པ་རེད། འོན་ཀྱང་ཨཱ་ཐེ་རི་གྲོང་ཁྱེར་གྱི་དབུ་ཁྲིད་རྣམས་ཀྱིས་ད་དུང་ཡང་ལས་འཆར་དེར་དགའ་མོས་ཆེན་པོ་ཡོད་པ་དང་། དེ་དུས་ཀྱི་ཐག་གཅོད་དེ་ནོར་མེད་པར། ཕྱི་ཡི་ཁོར་ཡུག་ལ་ཚོད་དཔག་ཐིག་དཀའ་བའི་འགྱུར་ལྡོག་གི་རྐྱེན་ལས་དཀའ་ངལ་དེ་དག་བྱུང་བར་ངོས་འཛིན་བྱས་ཡོད་པ་རེད།

༢༠༡༧ ལོའི་ཟླ་༤ པར། རྒྱ་ནག་དམར་ཤོག་གི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་ཧྥེན་ལན་ཌིར་འཚམས་འདྲིར་ཡོང་སྐབས། དེའི་ཚེ་དེའི་དུས་ཀྱི་ཧྥེན་ལན་ཌིའི་སྲིད་འཛིན་ནི་ནི་སི་ཊོ་དང་མཉམ་དུ་གན་རྒྱ་བཞག་སྟེ། ཧྥེན་ལན་ཌི་རང་དབང་རང་བཙན་ཐོབ་པར་རྟེན་འབྲེལ་ལེགས་མཚོན་ཆེད་དུ་དོམ་ཁྲ་དེ་གཉིས་ཧྥེན་ལན་ཌིར་བོགས་མར་བཏང་ཡོད་པར། སྐབས་དེའི་ཞི་ཅིན་ཕིང་དང་ནི་ནི་སི་ཊོ་གཉིས་ཀྱི་ཐུག་འཕྲད་དེར་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་བ་ཁག་ཅིག་གིས་སྐྱོན་བརྗོད་བྱས་ཤིང་། ཁོང་ཚོས་ཚོགས་འདུ་དེས་དོམ་ཁྲའི་གནད་དོན་ཐོག་དོ་སྣང་ཧ་ཅང་ཆེ་དྲགས་ཏེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་སོགས་གནད་དོན་གལ་ཆེན་རྣམས་སྣང་མེད་དུ་བཞག་པར་ངོས་འཛིན་བྱས་ཡོད་པ་རེད། ནི་ནི་སི་ཊོས་རྗེས་སུ་ཚོགས་འདུ་དེའི་ནང་དོམ་ཁྲའི་གནད་དོན་ལས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་མང་བ་གླེང་ཡོད། ཅེས་དག་འབུད་བྱས་ཡོད་པ་རེད།

ཧྥེན་ལན་ཌིའི་ཨཱ་ཐེ་རི་ Ähtäri གྲོང་ཁྱེར་གྱི་སྲོག་ཆགས་གླིང་གར་བོགས་མར་ཉར་ཡོད་པའི་རྒྱ་ནག་གི་དོམ་ཁྲ། ད་ལྟ་རྒྱ་ནག་ཏུ་ཕྱིར་སློག་བཏང་ཟིན།
ཧྥེན་ལན་ཌིའི་ཨཱ་ཐེ་རི་ Ähtäri གྲོང་ཁྱེར་གྱི་སྲོག་ཆགས་གླིང་གར་བོགས་མར་ཉར་ཡོད་པའི་རྒྱ་ནག་གི་དོམ་ཁྲ། ད་ལྟ་རྒྱ་ནག་ཏུ་ཕྱིར་སློག་བཏང་ཟིན།

དོམ་ཁྲ་ཕྱིར་བསྐྱལ་བ་དེས་"དོམ་ཁྲའི་ཕྱི་སྲིད་"མཇུག་སྒྲིལ་བ་མཚོན་ནམ།

འབྲེལ་ཡོད་ཡིག་ཚང་ལས་གསལ་བ་ལྟར་ན། རྒྱ་ནག་གི་"དོམ་ཁྲའི་ཕྱི་སྲིད་" ཐོག་མ་དེ་སྤྱི་ལོའི་དུས་རབས་༧ པའི་ཐང་རྒྱལ་རབས་(སྤྱི་ལོ་༦༡༨-༩༠༧) ཀྱི་སྐབས་སུ་བྱུང་ཡོད་པ་གསལ་ཞིང་། སྤྱི་ལོ་༦༩༠ ནས་༧༠༥ བར་གྱི་དུས་ཡུན་ནང་། གོང་མ་ཝུའུ་ཛེ་ཐེན་གྱིས་སྲིད་འབྲེལ་ལེགས་སྐྱེས་སུ་དོམ་ཁྲ་གསོན་པོ་གཉིས་དང་དོམ་ལྤགས་པ་༧༠ ཐམ་པ་སྐབས་དེའི་ཉི་ཧོང་ལ་ལེགས་སྐྱེས་སུ་ཕུལ་ཡོད་པ་དེ་ནི་དོམ་ཁྲའི་སྲིད་ཇུས་ཀྱི་དཔེ་མཚོན་སྔ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

"དོམ་ཁྲའི་སྲིད་ཇུས་" ཞེས་པའི་ཐ་སྙད་དེ་ནི་གྲང་དམག་གི་དུས་སྐབས་སུ་བྱུང་ཞིང་། སྤྱི་ལོ་༡༩༥༧ ནས་༡༩༨༢ ལོའི་བར་གྱི་དུས་ཡུན་ནང་། རྒྱ་ནག་གིས་རྒྱལ་ཁབ་དགུ་ལ་དོམ་ཁྲ་ལེགས་སྐྱེས་སུ་ཕུལ་ཏེ་མཛའ་མཐུན་གྱི་བསམ་པ་མཚོན་ཐབས་བྱས་ཡོད་པ་རེད། སྤྱི་ལོ་༡༩༧༢ ལོར། ཨ་རིའི་སྲིད་འཛིན་རི་ཆར་ཌ་ནིག་སོན་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྗེས། རྒྱ་ནག་གིས་དོམ་ཁྲ་"ལིན་ལིན"དང་"ཤིང་ཤིང" ཞེས་སུ་འབོད་པ་གཉིས་ཨ་རིར་ལེགས་སྐྱེས་སུ་ཕུལ་ཏེ། རྒྱལ་ཁབ་གཉིས་དབར་གྱི་ཕྱི་སྲིད་ཀྱི་འབྲེལ་ལམ་མཛའ་མཐུན་ཆགས་པའི་མཚོན་རྟགས་སུ་གྱུར་ཡོད་པ་རེད།

སྤྱི་ལོ་༡༩༨༤ ལོ་ནས་བཟུང་། རྒྱ་ནག་གིས་དོམ་ཁྲ་ལེགས་སྐྱེས་སུ་སྤྲོད་པའི་ལམ་སྲོལ་དེ་ཡུན་རིང་གི་བོགས་མ་གཏོང་རྒྱུར་བསྒྱུར་ཡོད་ཅིང་། སྒྱུར་བཅོས་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་རྒྱལ་སྤྱིའི་མཛའ་མཐུན་གོང་འཕེལ་གཏོང་བ་དང་དུས་མཚུངས་སུ་དོམ་ཁྲ་སྲུང་སྐྱོབ་ལས་དོན་ལ་མ་དངུལ་བསྡུ་རུབ་བྱ་ཆེད་དུ་ཡིན་པ་རེད། རྒྱ་ནག་དམར་ཤོག་གི་སྤྱི་ཁྱབ་དྲུང་ཆེ་ཞི་ཅིན་ཕིང་ནི་ཕྱི་འབྲེལ་ལེགས་སྐྱེས་སུ་དོམ་ཁྲ་སྤྲོད་རྒྱུར་དམིགས་བསལ་དགའ་མོས་ཡོད་པ་འདྲ་ཞིང་། རོབ་རྩིས་ལྟར་ན། ཁོང་གིས་ད་ཕན་ཉུང་མཐར་ཡང་དོམ་ཁྲ་ཆ་༨ ཙམ་རྒྱལ་ཁབ་༧ གྱི་སྲོག་ཆགས་གླིང་གར་ལེགས་སྐྱེས་ཀྱི་ཚུལ་དུ་སྤྲད་འདུག

རྒྱ་ནག་གི་བརྒྱུད་ལམ་ཁག་གིས་སྡོམ་རྩིས་བྱས་པ་ལྟར་ན། སྤྱི་ལོ་༢༠༡༣ ལོའི་ལོ་མཇུག་ཏུ། རྒྱ་ནག་མངའ་ཁོངས་ཀྱི་ཕྱི་ལོགས་སུ་དོམ་ཁྲ་ཁྱོན་གྲངས་༤༣ ཡོད་ཅིང་། དེ་དག་རྒྱལ་ཁབ་༡༢ ནང་ཁྱབ་ཀྱི་ཡོད་པ་དང་། སྤྱི་ལོ་༢༠༢༣ ལོར། ཕྱི་རྒྱལ་དུ་ཡོད་པའི་དོམ་ཁྲ་གྲངས་༦༦ ལ་ཡར་འཕར་ཡོད་ཅིང་རྒྱལ་ཁབ་༡༩ ནང་ཁྱབ་ཡོད་པ་དེ་ནི་རྒྱ་ནག་གིས"དོམ་ཁྲའི་ཕྱི་སྲིད་" གཉེར་བ་མང་ཤོས་ཀྱི་ལོ་ངོ་བཅུ་ཡིན་ཞིང་། ཧ་ལམ་ལོ་ལྟར་ཕྱི་རྒྱལ་དུ་དོམ་ཁྲ་བཏང་ཡོད་པ་རེད།

འོན་ཏེ་ཉེ་བའི་ལོ་ངོ་འགའ་ཤས་ནང་། རྒྱ་ནག་གིས་ཕྱི་རྒྱལ་དུ་ཁ་དམག་རྒྱག་པའི་ཕྱི་འབྲེལ་གྱི་སྲིད་ཇུས་ཤིག་ལག་བསྟར་བཏང་བ་དང་དུས་མཚུངས་སུ། ཕྱི་རྒྱལ་དུ་བོགས་མར་བཏང་ཡོད་པའི་དོམ་ཁྲ་རྣམས་གཅིག་རྗེས་གཉིས་མཐུད་དུ་རྒྱ་ནག་ལ་ཕྱིར་སློག་བྱས་ཡོད་ཅིང་། དེ་སྔོན་དར་ཁྱབ་ཆེན་པོ་ཡོད་པའི་དོམ་ཁྲའི་ཕྱི་སྲིད་དེ་ད་ཆ་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་ཤིག་ཚེས་ཡོད་པ་རེད།

༢༠༢༢ ལོའི་ཟླ་བ་༡༢ པར། ཨ་རིའི་མེན་ཧྥི་སི་སྲོག་ཆགས་གླིང་གས་དོམ་ཁྲ་གཉིས་རྒྱ་ནག་ཏུ་ཕྱིར་སློག་བྱ་རྒྱུ་ཡིན་པ་བསྒྲགས་ཤིང་། ཕྱི་ལོར་གཅིག་ཕྱིར་རྒྱ་ནག་ལ་བཏང་ཡོད་པ་དང་གཅིག་སྲོག་ཆགས་གླིང་གའི་ནང་ནད་ཤི་ཐེབས་ཡོད་པ་རེད།

༢༠༢༣ ལོའི་ཟླ་བ་༡༡ པར། ཝ་ཤིང་ཊོན་གྱི་སི་མི་སོན་རིག་གཞུང་ལྷན་ཚོགས་ཀྱི་རྒྱལ་ཁབ་སྲོག་ཆགས་གླིང་གས་དོམ་ཁྲ་༣ རྒྱ་ནག་ཏུ་ཕྱིར་སློག་བྱས་ཡོད་པ་རེད།

༢༠༢༣ ལོའི་ཟླ་བ་༡༡ པར། ཨེ་ཌིང་བྷར་སྲོག་ཆགས་གླིང་གས་དབྱིན་ཇིའི་ནང་ཡོད་དོམ་ཁྲ་ཆ་གཅིག་གཅིག་པུ་དེ་ཕྱིར་རྒྱ་ནག་ཏུ་བསློགས་ཡོད་པ་རེད།

༢༠༢༤ ལོའི་ཟླ་བ་༩ པར། ཉི་ཧོང་གི་ཨུ་ཨེ་ནོ་སྲོག་ཆགས་གླིང་གར་འཁོད་པའི་དོམ་ཕྲ་གཉིས་ཕྱིར་སློག་བྱས་འདུག།

རྒྱ་ནག་གི་བརྒྱུད་ལམ་ཁག་གི་སྙན་ཐོ་ལས་གསལ་བ་ལྟར་ན། ༢༠༢༤ ལོར་རྒྱ་ནག་གིས་དོམ་ཁྲ་༡༧ ཕྱིར་རྩིས་ལེན་བྱས་ཡོད་པ་དང་། ༢༠༢༣ ལོ་ནས་༢༠༢༤ ལོའི་ཟླ་བ་༨ པའི་བར། ཕྱི་རྒྱལ་དུ་ཡོད་པའི་དོམ་ཁྲ་གྲངས་༦༦ ནས་༥༢ བར་དུ་ཇེ་ཉུང་དུ་ཕྱིན་ཡོད་པར་བརྟེན། ལོ་གཅིག་གི་ནང་དོམ་ཁྲ་གྲངས་༡༤ ཇེ་ཉུང་དུ་ཕྱིན་ཡོད་པ་རེད།

ཧྥེན་ལན་ཌིའི་ཨཱ་ཐེ་རི་ Ähtäri གྲོང་ཁྱེར་གྱི་སྲོག་ཆགས་གླིང་གར་བོགས་མར་ཉར་ཡོད་པའི་རྒྱ་ནག་གི་དོམ་ཁྲ། ད་ལྟ་རྒྱ་ནག་ཏུ་ཕྱིར་སློག་བཏང་ཟིན།
ཧྥེན་ལན་ཌིའི་ཨཱ་ཐེ་རི་ Ähtäri གྲོང་ཁྱེར་གྱི་སྲོག་ཆགས་གླིང་གར་བོགས་མར་ཉར་ཡོད་པའི་རྒྱ་ནག་གི་དོམ་ཁྲ། ད་ལྟ་རྒྱ་ནག་ཏུ་ཕྱིར་སློག་བཏང་ཟིན།

ལྷོ་བྱང་ཀོ་རི་ཡིའི་ཉིན་རེའི་ཚགས་ཤོག་གི་ཤར་བྱང་ཨེ་ཤི་ཡ་ཉམས་ཞིབ་ཁང་གི་འགན་འཛིན་ཁྲོའེ་ཡོའུ་ཀྲི་ཡིས། རང་བཞིན་འཇམ་ཞིང་ཡིད་དབང་འཕྲོག་པའི་དོམ་ཁྲའི་སྣང་བརྙན་དེ་བརྒྱུད་ནས་རྒྱ་ནག་གིས་སོ་སོའི་ཤུགས་རྐྱེན་རྒྱ་ཆེ་རུ་བཏང་ཡོད་པ་མ་ཟད། འཇམ་པོ་སྟོབས་ཤུགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཆགས་ཡོད་ཀྱང་། ཁ་དམག་རྒྱག་པའི་སྤྱང་དམག་ཕྱི་སྲིད་ཀྱིས་དོམ་ཁྲའི་ཕྱི་སྲིད་ཀྱི་སྣང་བརྙན་དེ་རྩ་གཏོར་བཏང་ཡོད་པ་རེད་ཅེས་བརྗོད་འདུག།

ཁོང་གིས་རྩོམ་ཡིག་ནང་ཁ་གསལ་བཤད་དོན་དུ། དོམ་ཁྲ་ཕྱིར་སྤྲོད་བྱ་དགོས་པའི་རྒྱུ་མཚན་མང་པོ་ཡོད་པ་དཔེར་ན། བོགས་མའི་གན་རྒྱའི་དུས་ཚོད་རྫོགས་པ་དང་། གསོ་ཚགས་ཀྱི་འགྲོ་གྲོན་ཆེ་དྲགས་པ། རྒྱ་ནག་གི་རྒྱལ་སྤྱིའི་སྣང་བརྙན་སྔར་དང་མི་འདྲ་བ་ཆགས་ཡོད་པ་སོགས་ནི་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱུ་མཚན་ཞིག་ཡིན་པ་རེད། དེ་སྔོན་རྒྱ་ནག་གིས་ཐབས་ཇུས་ལྡན་པའི་ལངས་ཕྱོགས་འཛིན་ཡོད་ཀྱང་། ད་ལྟ་རྒྱལ་ཁབ་གཞན་ལ་རྩུབ་སྤྱོད་ཀྱིས་རྒོལ་རྡུང་བྱེད་པའི་"སྤྱང་དམག་གི་ཕྱི་སྲིད་" ཟིན་གྱི་ཡོད་པས། དོམ་ཁྲ་ནི་ད་ཆ་ཡོངས་གྲགས་སུ་རྒྱ་ནག་གི་ཕྱི་སྲིད་ཀྱི་སྣང་བརྙན་མཚོན་ཐུབ་ཀྱི་མེད་པ་རེད།

ཕྱི་འབྲེལ་དཔོན་རིགས་དུས་དེབ་གྱིས་༢༠༢༣ ལོའི་ཟླ་བ་༤ པར་འདོན་སྤེལ་བྱས་པའི་རྩོམ་ཡིག་ཅིག་ཏུ་འཁོད་གསལ་ལྟར་ན། ཧྥེན་ལན་ཌིའི་གཞུང་གིས་སྲོག་ཆགས་གླིང་གའི་དོམ་ཁྲ་ལ་མུ་མཐུད་ནས་མ་དངུལ་གཏོང་འདོད་མེད་པའི་རྒྱུ་མཚན་གཅིག་ནི། རྒྱུན་མཁོ་གསོ་ཚགས་ཀྱི་འགྲོ་གྲོན་དང་བོགས་མའི་གླ་ཆའི་འགྲོ་གྲོན་སོགས་ཧྥེན་ལན་ཌིའི་རྒྱལ་ཁབ་སོ་སོའི་རྩ་སྟོང་དུ་འགྲོ་ལ་ཉེ་བའི་སྲོག་ཆགས་རིགས་སྲུང་སྐྱོབ་ཀྱི་འགྲོ་གྲོན་ལས་མཐོ་བ་ཡོད་པ་དེ་ཡིན་པ་རེད། རྩོམ་ཡིག་དེས་ངོས་འཛིན་བྱས་པ་ལྟར་ན། རྒྱ་ནག་གིས་དོམ་ཁྲ་ཕྱི་རྒྱལ་དུ་གཏོང་བའི་རྒྱུ་མཚན་ཆེ་ཤོས་ནི་ཆབ་སྲིད་ཀྱི་ངོ་བོ་ལྡན་པ་ཞིག་སྟེ། དོམ་ཁྲ་དེ་ཆབ་སྲིད་ཀྱི་ལག་ཆར་སྤྱད་ནས་དོམ་ཁྲའི་བོགས་གླ་དང་རྒྱལ་སྤྱིའི་ཚོང་ལས་གན་རྒྱ་གལ་ཆེན་པོ་དབར་འབྲེལ་བ་ཡོད་པར་བརྗོད་ཡོད་འདུག།

ཐུར་ཁུ་གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་གནད་དོན་ཉམས་ཞིབ་པ་ཡུ་ཁ་ཨོ་ཁི་ཡ་Jukka Aukia ཡིས་རྒྱ་ནག་གི་དོམ་ཁྲ་ཧྥེན་ལན་ཌིར་འབྱོར་སྐབས། བརྒྱུད་ལམ་ཁག་གི་བཅར་འདྲི་དང་ལེན་གནང་སྐབས། རྒྱ་ནག་གིས་ཕྱིའི་རྒྱལ་ཁབ་ཁག་ལ་དོམ་ཁྲ་བོགས་མར་གཏོང་དོན་ནི། ཕྱི་རྒྱལ་བའི་སེམས་ནང་གི་རྒྱ་ནག་རྒྱལ་ཁབ་ཀྱི་སྣང་བརྙན་ཡར་རྒྱས་གཏོང་བའི་ལམ་ཁ་གལ་ཆེན་ཞིག་རེད། ཅེས་བརྗོད་འདུག། ཨོ་ཁི་ཡས་ངོས་འཛིན་གནང་བ་ལྟར་ན། "དོམ་ཁྲའི་ཕྱི་སྲིད" ཀྱི་མཐའ་མའི་དམིགས་ཡུལ་ནི་ཕྱི་རྒྱལ་གྱིས་རྒྱ་ནག་ལ་སྐྱོན་བརྗོད་བྱེད་པ་མགོ་གནོན་བྱེད་ཐབས་དང་། རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་སྲ་བརྟན་དུ་གཏོང་ཕྱིར་ཡིན་པ་རེད།

ཉམས་ཞིབ་པ་ཁོང་གིས་ད་དུང་ནུབ་ཕྱོགས་ཀྱི་སྐྱོན་བརྗོད་ལ་ངོས་ལེན་མ་བྱས་པ་བརྒྱུད། དམངས་གཙོ་དང་ནུབ་ཕྱོགས་ཀྱི་རིན་ཐང་གཞན་རྣམས་ཀྱང་རྒྱ་ནག་ཏུ་ཡོང་བར་བཀག་འགོག་བྱེད་ཀྱི་ཡོད་པ་བརྗོད་འདུག། དེ་ལས་གཞན་ད་དུང་ཁོང་གིས་ནོར་ཝེ་དང་རྒྱ་ནག་གཉིས་དབར་ནོ་བྷེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ལིའུ་ཞའོ་པའོ་ཡི་གནད་དོན་ཐད་མཐུན་གྱི་མེད་པའི་རྐྱེན་གྱིས། ཧྥེན་ལན་ཌིའི་ཁྱིམ་མཚེས་རྒྱལ་ཁབ་ནོར་ཝེ་ལ་རྒྱ་ནག་གིས་དོམ་ཁྲ་སྤྲད་ཐུབ་མེད་པ་རེད་ཅེས་བརྗོད་འདུག།

གླེང་སྟེགས།

XS
SM
MD
LG