ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

རྒྱ་ནག་གིས་གྲོས་མཐུན་འཇོག་དགོས་ཞེས་ཐེ་ཝན་ལ་གནོན་ཤུཊ་སྤྲོད་སྲིད།


༄༅།། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ན་མི་རྒྱུ་ཟོག་གསུམ་ལ་ཆག་སྒོ་ཆེན་པོ་དང་ཐེ་ཝན་དབང་དུ་བསྡུ་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། རྒྱ་ནག་གིས་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེ་ལ་གནོན་ཤུགས་སྤྲད་ནས་༢༠༢༨་ཡས་མས་སུ་གཅིག་གྱུར་གྱི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དུ་འཇུག་རྒྱུའི་གནོན་ཤུགས་སྤྲོད་ས་རེད་ཅེས་ཨ་རིའི་ཉམས་ཞིབ་ཁང་ཞིག་གིས་སྙན་ཐོ་བཏོན་འདུག ཕྱི་ཟླ་༥་པའི་ཚེས་༢༨་ཉིན་ཡུ་རེ་ཤི་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ཏེ་སྐམ་མཚོ་གནམ་གསུམ་ནས་དུས་གཅིག་ཏུ་བཙན་འཛུལ་བྱ་རྒྱུའི་དམག་སྦྱོང་བྱས་པ་དང་མཚོ་གླིང་དེར་བཙན་འཛུལ་བྱ་རྒྱུ་ལྡོག་ཐབས་མེད་ཅེས་བརྡ་ཞིག་གཏོང་གི་ཡོད་ཅིང་། རྒྱ་ནག་གིས་ཐེ་ཝན་ནི་སྐམ་ས་ཆེན་མོར་ངོ་ལོག་པའི་ཞིང་ཆེན་ཞིག་ཡིན། ཐེ་ཝན་རང་བཙན་ཡིན་ལུགས་དང་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཟེར་གྱི་ཡོད་པ་ནི་འཁྲུག་རྩོད་སློང་བའི་སྐད་ཆ་རེད། རྒྱ་ནག་གིས་ཐེ་ཝན་རང་བཙན་ལ་མཐའ་གཅིག་ཏུ་དྲག་གནོན་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

ཕྱི་ཟླ་༥་པའི་ཚེས་༢༠་ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་ལས་ཁུར་དམ་འབུལ་གྱི་མཛད་སྒོའི་ཐོག་ཏུ་ཐེ་ཝན་གྱི་དམངས་གཙོ་དང་རང་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ཐེ་ཝན་མཚོ་གླིང་དུ་ཀྲུང་ཧྭ་མིན་གོ་ཞེས་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཚུགས་ཡོད་པར་རྒྱ་ནག་གིས་ངོས་ལེན་བྱ་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་གཉིས་གཅིག་འོག་གཅིག་འདུ་བ་ཞིག་མིན། ཐེ་ཝན་མི་དམངས་ས་ཡ་༢༣་ལ་རང་གི་ལས་དབང་ཐག་གཅོད་བྱེད་པའི་དབང་ཚད་ཡོད། རྒྱ་ནག་གིས་ཐེ་ཝན་ལ་ཆབ་སྲིད་དང་དམག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བསྒྲགས། སྲིད་འཛིན་ཟུར་པ་ཚེ་དབྱིན་ཝེན་གྱིས་ཀྲུང་ཧྭ་མིན་གོའི་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་འཛིན་ཆོག་ཅེས་བཤད་པ་སྲིད་འཛིན་གསར་པ་ལེ་ཆིང་ཏེའི་གཏམ་བཤད་ནང་དུ་མ་ཐོན། དེར་བརྟེན་རྒྱ་ནག་ཁོང་ཁྲོས་བརྟས་ནས་སླར་ཡང་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་དང་འཕུར་མདེལ་དཔུང་སྡེ་བཅས་ནས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་ཚུགས།།

ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་ལས་ཁུར་དམ་འབུལ་གྱི་མཛད་སྒོའི་ཐོག
ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་ལས་ཁུར་དམ་འབུལ་གྱི་མཛད་སྒོའི་ཐོག

རྒྱ་ནག་གི་རྒྱལ་སྲུང་སློབ་ཆེན་གྱི་སློབ་དཔོན་ཀྲང་ཊིས་(Zhang Chi)་གོ་ལའི་དུས་བབ་ཚགས་པར་གྱི་གསར་འགོད་པར་དམག་སྦྱོང་དེ་ལེ་ཆིང་ཏེ་ལ་ཐེ་ཝན་རང་བཙན་ནི་འགྲོ་ས་མེད་པའི་ཤི་ལམ་ཞིག་ཡིན་ཞེས་གོ་བརྡ་གསལ་པོ་གཏོང་རྒྱུའི་ཆེད་དུ་ཡིན་ཟེར། ཨ་རིའི་དམག་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་༢༠༢༧་ཡས་མས་སུ་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་མཚོ་གླིང་དེ་ལེན་ཐུབ་རྒྱུའི་སྟོབས་ཤུགས་ཀྱང་ཡོད་ངེས་རེད། ཡིན་ནའང་ཐེ་ཝན་གྱི་དམག་འཁྲུག་ནི་སུས་ཀྱང་བློ་ཡུལ་དུ་བསམ་མི་ཕོད་པའི་ཚབས་ཆེན་དང་མི་རྒྱུ་ཟོག་གསུམ་གྱི་འགྲོ་གྲོན་དཔག་མེད་གཏོང་དགོས་པ་ཞིག་ཏུ་འགྱུར་རྒྱུ་སྨོས་ཅི་འཚལ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ན་ཨ་རིས་བར་འགོག་བྱ་རྒྱུ་དང་དེ་ནས་ཐེ་ཝན་གྱི་དམག་འཁྲུག་དེ་ཁ་བའི་ལྒང་ལི་རིལ་ན་རིམ་བཞིན་ཇེ་ཆེར་འགྲོ་བ་ལྟར་འཐབ་འཁྲུག་དེ་ཆེ་རུ་འགྲོ་རྒྱུ་ཟློག་ཐབས་བྲལ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུ་དངོས་སུ་ལག་ལེན་བསྟར་མི་ཕོད་ཅེས་བཀྲལ།།

ཨ་རིའི་ཧ་ཝ་དབྱི་མངའ་སྡེའི་ཧོ་ལོ་ནུ་ནུ་གྲོང་ཁྱེར་དུ་ཡོད་པའི་ལོ་ཝི་ཞིབ་འཇུག་ཁང་གི་ཤར་ནུབ་ལྟེ་གནས་ཀྱི་ཉམས་ཞིབ་པ་ཌེ་ཎི་རོ་ཡེས་(Denny Roy)་ཡུ་རེ་ཤི་ཡ་དུས་བབ་ཚགས་པར་གྱི་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་གི་སྲིད་གཞུང་ལ་དམག་འཁྲུག་སློང་རྒྱུའི་འདོད་པ་མི་འདུག རྒྱ་ནག་ལ་དེང་རབས་ཀྱི་དམག་གྲུ་དང་འཐབ་འཛིང་གནམ་གྲུ། འཕུར་མདེལ་སོགས་ཡོད་ཀྱང་རྒྱ་ནག་གིས་ཨ་རི་དང་ཉི་ཧོང་། ཐེ་ཝན་གསུམ་ཕམ་ནས་རྒྱལ་ཁ་ཐོབ་ཐུབ་པའི་ཚད་དེར་སླེབས་རྒྱུ་ཁག་པོ་རེད། ཐེ་ཝན་ལ་བཙན་འཛུལ་བྱ་དགོས་ན་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་རྒྱང་ཐག་སྤྱི་ལེ་༡༢༨་ཀྱི་རྒྱ་མཚོ་བརྒལ་དགོས། རྒྱ་ནག་གིས་དམག་དཔུང་དྲངས་ནས་ཐེ་ཝན་གྱི་མཚོ་འགྲམ་དུ་བབས། བཙན་འཛུལ་དེར་མཁོ་བའི་འཐབ་འཁོར་དང་མེ་སྒྱོགས། མདེའུ་དང་སྣུམ། རྒྱགས་ཆས་དང་སྨན་སོགས་སྐྱེལ་འདྲེན་བྱ་རྒྱུ་སྟབས་བདེ་པོ་ཞིག་ག་ལ་ཡིན། ཐེ་ཝན་གྱི་དམག་གིས་འགོག་རྒོལ་བྱས་ནས་རྒྱ་དམག་རྣམས་མཚོ་འགྲམ་ལ་འབབ་ཏུ་འཇུག་རྒྱུ་མ་རེད་ཅེས་བཤད།།

ཨ་རིའི་དམག་དོན་ཉམས་ཞིབ་པ་ཚོས་བཏོན་པའི་སྙན་ཐོ་ཁག་ཏུ་ཐེ་ཝན་ལ་བཙན་འཛུལ་བྱས་ན་རྒྱ་ནག་ལ་ཇུས་ཉེས་ཆེན་པོ་འཕོག་གི་རེད། རྒྱ་ནག་གིས་སྐམ་མཚོ་གནམ་གསུམ་གྱི་དཔུང་སྡེ་ཁག་དང་དྲྭ་ལམ་བཅས་ནས་དུས་གཅིག་ཏུ་ཐེ་ཝན་ལ་གཏོར་རྒོལ་མ་བྱས་ན་རྒྱལ་ཁ་མི་ཐོབ། རྒྱ་ནག་ལ་དེའི་སྦྱོང་བརྡར་དང་ཉམས་མྱོང་། ལག་རྩལ་རྣམས་མི་འདུག ཐེ་ཝན་མཚོ་འགག་ཏུ་ཆར་ཞོད་ཀྱི་ནམ་ཟླ་གཉིས་འཆར་གྱི་ཡོད་པས་ལོ་གཅིག་གི་ཟླ་བ་འགའ་ཞིག་ལ་མ་གཏོགས་བཙན་འཛུལ་བྱེད་ཐུབ་པའི་དུས་ཚོད་མི་འབྱུང་། དྲག་ཆར་རླུང་འཚུབ་ཁྲོད་དུ་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ། རྒྱ་ནག་གིས་ཐེ་ཝན་མཚོ་འགག་བརྒལ་ནས་དམག་དཔུང་འདྲེན་པར་གྲུ་གཟིངས་སྟོང་ཕྲག་མང་པོ་དང་བདུན་ཕྲག་མང་པོ་འགོར་གྱི་རེད། ཐེ་ཝན་གྱིས་མཚོ་ཐོག་ཏུ་འབྱོར་བའི་རྒྱ་ནག་གི་གྲུ་གཟིངས་རྣམས་དམིགས་འབེན་དུ་བཟུང་སྟེ་རྒོལ་རྡུང་བྱེད་ཐུབ། ཐེ་ཝན་མཚོ་འགག་བརྒལ་བར་ཆུ་ཚོད་ཁ་ཤས་འགོར་གྱི་རེད་ཅེས་འཁོད།།

རྒྱ་ནག་གཞུང་གི་དམག་གྲུ་ཞིག་ཐའེ་ཝན་གྱི་ཤར་ཕྱོགས་མཚོ་འགྲམ་དུ་
རྒྱ་ནག་གཞུང་གི་དམག་གྲུ་ཞིག་ཐའེ་ཝན་གྱི་ཤར་ཕྱོགས་མཚོ་འགྲམ་དུ་

ཨ་རིའི་དམག་དོན་ཉམས་ཞིབ་པ་ཚོས་བཤད་པ་ལྟར་ན། ཐེ་ཝན་གྱི་དམག་གིས་མཚོ་འགྲམ་དུ་འགོག་ར་བསླངས་པ་དང་རགས་རྡོ་བརྩིགས། མཚོ་ནང་དུ་འབར་མདེལ་བཀྲམ་ནས་རྒྱ་དམག་བདེ་བླག་ཏུ་ཐེ་ཝན་ལ་འབྱོར་མི་ཐུབ། རྒྱ་ནག་གིས་ཐེ་ཝན་ལ་དངོས་སུ་བཙན་འཛུལ་བྱ་དགོས་ན་དམག་དཔུང་དང་མཚོན་ཆ། དམག་རྒྱག་གི་མཁོ་ཆས་རྣམས་ཧྥུ་ཅན་སོགས་ཐེ་ཝན་གྱི་ཁ་སྤྲོད་དུ་ཆགས་པའི་རྒྱ་ནག་གི་ཞིང་ཆེན་ཁག་ཏུ་འོར་འདྲེན་བྱ་དགོས། དེ་ལྟར་བྱས་ན་ཨ་རི་དང་ཐེ་ཝན་གྱིས་འཕྲལ་དུ་ཤེས་རྟོགས་ཐུབ། ཨ་རིས་ཐེ་ཝན་ལ་མཚོན་ཆ་བཙོངས་ནས་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་གི་ཡོད་པར་མ་ཟད། ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལའང་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ལ་མཁོ་བའི་མཚོན་ཆ་ཚོངས་ཞེས་འབོད་སྐུལ་ཞུས། ཨ་རིས་ཉི་ཧོང་སོགས་མཐུན་གྲོགས་རྒྱལ་ཁབ་ཁག་གི་མཁའ་དབྱིངས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་ལྟར་ཐེ་ཝན་གྱི་མཁའ་དབྱིངས་ཀྱང་སྲུང་སྐྱོབ་བྱ་སྲིད་ཅེས་སྨྲས།།

ཡུ་རེ་ཤི་ཡ་དུས་བབ་ཚགས་པར་ནང་དུ་རྒྱ་ནག་ལ་ཐབས་ཇུས་འབའ་ཞིག་ཡོད་པ་ནི་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་མཚམས་མ་བཞག་པར་སྲིད་འཛིན་ལེ་ཆིང་ཏེ་ལ་ཞི་བའི་གྲོས་མཐུན་ཞིག་ལ་མིང་རྟགས་འགོད་དགོས་ཞེས་གནོན་ཤུགས་སྤྲོད་སྲིད། ཟླ་བ་འདིའི་ཚེས་༡༣་ཉིན་ཨ་རིའི་ཁེ་ལས་ཁང་དང་དམག་འཁྲུག་ཞིབ་འཇུག་ཁང་ནས་རྒྱ་ནག་གིས་ལེ་ཆིང་ཏེའི་ལོ་བཞིའི་ལས་དུས་དང་པོ་དེར་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་དང་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་དྲིལ་བསྒྲགས། ཐེ་ཝན་ལ་དཔལ་འབྱོར་བཀག་སྡོམ། རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་གཅོད་དུ་བཅུག ལེ་ཆིང་ཏེའི་ལོ་བཞིའི་རིང་ལས་དོན་ཅི་ཡང་སྒྲུབ་མི་ཐུབ་པ་ཞིག་ཏུ་བསྒྱུར། ༢༠༢༨་ལོར་ཐེ་ཝན་ལ་སྲིད་འཛིན་འོས་བསྡུའི་དུས་ཚོད་བསླེབས་པའི་སྐབས་སུ་ལེ་ཆིང་ཏེ་ལ་ཞི་བའི་གྲོས་མཐུན་ནམ། ཡང་ན་གཅིག་གྱུར་གྱི་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དུ་འཇུག་རྒྱུའི་གནོན་ཤུགས་སྤྲོད་ས་རེད་ཅེས་དཔྱད་བརྗོད་སྤེལ་འདུག

ཕྱི་ཟླ་༥་པའི་ཚེས་༢༧་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ལ་ཁས་ལེན་བྱེད་ཀྱི་ཡོད་ཀྱང་སྲིད་འཛིབ་བྷ་ཌན་གྱིས་ཐེ་ཝན་ལ་བཙན་འཛུལ་བྱུང་ཚེ། ཨ་མི་རི་ཀས་དམག་བཏང་ནས་ཐེ་ཝན་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ཐེངས་འགའ་ཞིག་བཤད། དེ་བཞིན་ཉི་ཧོང་གི་གླིང་ཕྲན་ཁག་ཐེ་ཝན་ལ་བར་ཐག་ཉེ་པོ་ཡོད་པས་ཉི་ཧོང་འཐབ་འཁྲུག་དེར་ཞོར་འདྲུད་ཐེབས། ཨ་རི་དང་ཉི་ཧོང་གཉིས་ཀྱིས་རྒྱལ་སྲུང་མཉམ་འབྲེལ་ཆིངས་ཡིག་བཞག་ཡོད་པས་ཨ་མི་རི་ཀ་ཉི་ཧོང་གི་རྒྱབ་རྩར་ལངས་ཏེ་དམག་འཁྲུག་ལ་ཞུགས་དགོས་པར་འགྱུར་རྒྱུ་ཡིན་ཞིང་། རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱེད་བཞིན་པའི་སྐབས་ཐོག་སྟེ། ཕྱི་ཟླ་༥་པའི་ཚེས་༢༧་ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་མེ་ཁེལ་མེཀ་ཀོལ་(Michael McCaul)་གྱིས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་ཐེ་ཝན་ལ་དུ་ཕེབས། ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་རྒྱ་ནག་གི་བཙན་དྲག་ལ་ངོ་རྒོལ་དང་ཐེ་ཝན་ལ་རྒྱབ་སྐྱོར་གྱི་ལངས་ཕྱོགས་གསལ་པོར་བསྟན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG