ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱས་ནས་སྡིགས་ར་བསྐུལ།


ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེ་
ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེ་

༄༅།། རྒྱ་ནག་གིས་ཉི་མ་གཉིས་ལ་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ནས་དམག་སྦྱོང་བྱས་ཏེ་སྲིད་འཛིན་གསར་པ་ལེ་ཆིང་ཏེ་ལ་སྡིགས་ར་བསྐུལ། ཕྱི་ཟླ་༥་པའི་ཚེས་༢༣་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གཟའ་ཕུར་བུ་ནས་འགོ་ཚུགས་པའི་དམག་སྦྱོང་འདི་ཐེ་ཝན་གྱི་ཁ་བྲལ་རིང་ལུགས་པ་དང་རང་བཙན་ཤོག་ཁག ཕྱིའི་སྟོབས་ཤུགས་བཅས་ལ་ཁྲིམས་གཅོད་དང་ཉེན་བརྡ་གཏོང་བའི་ཆེད་དུ་ཡིན། རྒྱ་ནག་ཤར་ཕྱོགས་དཔུང་སྡེས་ཐེ་ཝན་མཚོ་འགག་གི་བྱང་ཕྱོགས་དང་ལྷོ་ཕྱོགས། ཤར་ཕྱོགས་དང་ཅིན་མེན། མ་ཚུ་གླིང་ཕྲན་གྱི་ཉེ་འཁྲིས་སུ་དམག་སྦྱོང་བྱེད་ཀྱི་ཡོད་ཅེས་བསྒྲགས། རྒྱ་ནག་ཤར་ཕྱོགས་དཔུང་སྡེའི་མགྲིན་ཚབ་པ་ལི་ཞིས་(Li Xi)་ཐེངས་འདིའི་དམག་སྦྱོང་ལ་སྐམ་མཚོ་གནམ་གསུམ་དང་འཕུར་མདེལ་དཔུང་སྡེ་རྣམས་ཞུགས་ཡོད། འདི་ནི་རྒྱ་ནག་གི་དཔུང་སྡེ་རྣམས་མཉམ་འབྲེལ་གྱིས་དམིགས་འབེན་ཁག་ལ་གཏོར་རྒོལ་བྱེད་ཐུབ་པའི་དམག་སྦྱོང་ཞིག་ཡིན་ཞེས་བཤད་འདུག

རྒྱལ་སྤྱིའི་ཛ་དྲག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨ་མན་ཌ་ཞའོ་(Amanda Hsiao)་ཡིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེས་ལས་ཁུར་དམ་བཅའ་བཞག་པར་རྒྱ་ནག་ཁོང་ཁྲོས་བརྟས། དམག་སྦྱོང་འདི་ལེ་ཆིང་ཏེའི་སྲིད་གཞུང་གསར་པ་དང་ཨ་རི་གཉིས་ཀར་ཉེན་བརྡ་གཏོང་བའི་དམག་སྦྱོང་ཞིག་ཡིན་པར་སྣང་། ལེ་ཆིང་ཏེས་རྒྱ་ནག་ལ་འགྲིག་མཐུན་གྱི་སྲིད་ཇུས་ཤིག་མ་བཟུང་ན་མུ་མཐུད་དུ་དམག་སྦྱོང་བྱས་ནས་གནོན་ཤུགས་སྤྲོད་རྒྱུའི་རྣམ་པ་འདུག གལ་སྲིད་རྒྱ་ནག་གིས་དྲག་རྩུབ་བཀོལ་ནས་ཐེ་ཝན་གྱི་སྲིད་གཞུང་གསར་པའི་ལངས་ཕྱོགས་འཇམ་དུ་གཏོང་ཐབས་བྱེད་ཀྱི་ཡོད་པ་ཡིན་ན་དེ་ལ་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན་ཤས་ཆེ། ལེ་ཆིང་ཏེའི་སྲིད་གཞུང་རྒྱ་ནག་ལ་ཡིད་ཆེས་མེད་པ་དང་ཐེ་ཝན་རྒྱལ་ནང་གི་གནོན་ཤུགས་བཅས་ཀྱིས་རྒྱ་ནག་གི་ཐོག་ཏུ་སྔར་ལས་ལངས་ཕྱོགས་ཇེ་མཁྲེགས་སུ་གཏོང་སྲིད་ཅེས་བསྟན།།

རྒྱ་ནག་གིས་ཉི་མ་གཉིས་ལ་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ནས་དམག་སྦྱོང་བྱས་
རྒྱ་ནག་གིས་ཉི་མ་གཉིས་ལ་ཐེ་ཝན་གྱི་མཐའ་འཁོར་དུ་གནམ་མཚོ་གཉིས་ནས་དམག་སྦྱོང་བྱས་

ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གིས་གནས་ལུགས་དང་མི་མཐུན་པའི་འཁྲུག་རྩོད་བསླངས་ཏེ་ཞི་བདེ་བརྟན་ལྷིང་ལ་གཏོར་བརླག་བྱེད་ཀྱི་འདུག ཐེ་ཝན་གྱིས་དངོས་ཡོད་གནས་སྟངས་ལ་གཞིགས་ནས་མཚོ་དམག་དང་གནམ་དམག སྐམ་དམག་གསུམ་འགྲེམ་འཇོག་བྱས་ནས་རང་དབང་དང་དམངས་གཙོ། ཐེ་ཝན་གྱི་བདག་དབང་བཅས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་ལན་བརྒྱབ། རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་ཡོད་པའི་རྒྱལ་སྲུང་དང་བདེ་འཇགས་ཞིབ་འཇུག་ཁང་གི་དམག་དོན་ཉམས་ཞིབ་པ་སུ་ཙི་ཡུན་(Su Tzu-yun)་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་ཁ་པར་བརྒྱུད་ནས་ཐེ་ཝན་གྱི་དམག་གི་སྟོབས་ཤུགས་ཡར་རྒྱས་དང་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏོང་དགོས་ཀྱི་འདུག རྒྱ་ནག་གི་དམག་སྦྱོང་དེ་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུའི་ཡུན་རིང་གི་ཐབས་ཇུས་ཤིག་རེད། ཐེ་ཝན་བཙན་འཛུལ་འགོག་ཐུབ་པའི་་སྟོབས་ཤུགས་ལྡན་པ་ཞིག་ཏུ་བསྒྱུར་ཏེ་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་གཏོང་དགོས་ཞེས་བཀྲལ།།

སུ་ཙི་ཡུན་གྱིས་མུ་མཐུད་དུ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱས་དོན་ནི་གཟའ་ཟླ་བའི་ཉིན་སྲིད་འཛིན་གསར་པ་ལེ་ཆིང་ཏེའི་ལས་ཁུར་དམ་འབུལ་མཛད་སྒོའི་ཐོག་ཏུ་ཐེ་ཝན་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན། ཐེ་ཝན་མཚོ་གླིང་དུ་ཀྲུང་ཧྭ་མིན་གོ་ཞེས་རྒྱལ་ཁབ་ཅིག་ཆགས་ཡོད་པར་རྒྱ་ནག་གིས་ངོས་ལེན་བྱ་དགོས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཀྲུང་ཧྭ་མིན་གོ་གཉིས་གཅིག་འོག་གཅིག་འདུ་མིན་ཞེས་གསལ་བསྒྲགས་བྱས་པར་རྒྱ་ནག་མ་དགའ་བ་རེད་ཟེར། རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་ཁྲེན་པིན་ཧྭས་ལེ་ཆིང་ཏེའི་གཏམ་བཤད་ཀྱིས་ཁོ་པ་རྒྱལ་ཚོང་བ་ཞིག་ཡིན་པ་མཚོ་གླིང་དེའི་རྒྱ་ཆེའི་མང་ཚོགས་ལ་ར་འཕྲོད་པ་རེད། ཕྱིའི་རྒྱབ་སྐྱོར་ལ་འབྲས་བུ་བཟང་པོ་ཞིག་སྨིན་མི་སྲིད། ལེ་ཆིང་ཏེ་ཐེ་ཝན་རང་བཙན་གྱི་ཤི་ལམ་དུ་བསྐྱོད་རྒྱུ་བསྐྱར་ཟློས་བྱས་སོང་ཞེས་སྐྱོན་བཙུགས།།

ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེ་
ཐེ་ཝན་གྱི་སྲིད་འཛིན་གསར་པ་ལེ་ཆིང་ཏེ་

ལེ་ཆིང་ཏེས་རྒྱ་ནག་གིས་ཐེ་ཝན་ལ་དམག་དང་ཆབ་སྲིད་གཉིས་ཀས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས། མཚོ་འགོག་ཕྱོགས་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་དང་རྒྱ་ནག་གི་སློབ་ཕྲུག་ཚོ་ཐེ་ཝན་གྱི་སློབ་ཆེན་ཁག་ཏུ་སློབ་སྦྱོང་ལ་ཡོང་ནས་འབྲེལ་བ་སླར་གསོ་བྱ་དགོས་ཞེས་གྲོས་གཞི་བཏོན། རྒྱལ་སྤྱིའི་ཛ་དྲག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨ་མན་ཌ་ཞའོ་ཡིས་བཤད་པ་ལྟར་ན། ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ཚེ་དབྱིན་ཝེན་གྱིས་ཀྲུང་ཧྭ་མིན་གོའི་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་འཛིན་ཆོག་ཅེས་བཤད་པ་དེ་ལེ་ཆིང་ཏེའི་གཏམ་བཤད་ནང་དུ་བསྐྱར་ཟློས་མ་བྱུང་། ཚེ་དབྱིན་ཝེན་གྱི་གཏམ་བཤད་ནང་དུ་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་འཛིན་ཕྱོགས་ཁ་གསལ་མེད་ཀྱང་ལེ་ཆིང་ཏེའི་གཏམ་བཤད་ནང་དུ་རྒྱ་ནག་དང་ཐེ་ཝན་གཉིས་རྒྱལ་ཁབ་ཐ་དད་ཡིན་པ་གསལ་པོར་ཐོན། ཁོང་གིས་རྒྱ་ནག་ལ་བསྟུན་མཁས་བྱས་ན་ཕན་ཐོགས་མེད་པ་ངོས་ཟིན་པ་འདྲ་ཞེས་འགྲེལ་བརྗོད་བྱས་འདུག

ཨོ་གླིང་གི་བྷག་ནེལ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་ཀྲི་ཆུན་ཀྲུས་(Zhiqun Zhu)་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། རྒྱ་ནག་གིས་དེ་རིང་གི་དམག་སྦྱོང་འདིར་༢༠༢༤་ལོའི་རལ་གྲ་ཟུང་འབྲེལ་ཀ་པ་ཞེས་མིང་བཏགས་ཡོད་པར་བལྟས་ཚེ། རྒྱ་ནག་གིས་དམག་སྦྱོང་མང་ཙམ་བྱ་རྒྱུའི་རྟགས་མཚན་རེད། རྒྱ་ནག་ཁོང་ཁྲོ་དྲག་པོ་ལངས་ཏེ་དམག་སྦྱོང་གི་ཉེན་ཚབས་ཆེ་རུ་གཏོང་སྲིད་ཅེས་བཤད་ཅིང་། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་གཞོན་པ་དམག་སྤྱི་སི་ཊེ་ཧྥེན་ས་ཀ་ལེན་ཀས་(Stephen Sklenka)་ཨོ་གླིང་གི་རྒྱལ་ས་ཀན་བྷ་རར་རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱེད་ཀྱི་ཡོད་པ་བློ་འཚབ་བྱ་དགོས་པ་ཞིག་ཡིན་རུང་དམག་སྦྱོང་དེ་སྔོན་དཔག་མ་ཐུབ་པ་ཞིག་མིན། ༢༠༢༣་ལོར་རྒྱ་ནག་གིས་ཐེ་ཝན་གྱི་མཐའ་འཁོར་དུ་དམག་སྦྱོང་བྱས་པ་རེད། དེ་ནི་མཐའ་མཇུག་ཐེ་ཝན་ལ་བཙན་འཛུལ་དམག་འཁྲུག་ཇི་ལྟར་རྒྱག་དགོས་མིན་གྱི་སྦྱོང་བརྡར་ཞིག་ཡིན་ངེས་རེད་ཅེས་སྨྲས།།

ཐེ་ཝན་གྱི་དམག་དོན་ཉམས་ཞིབ་པ་སུ་ཙི་ཡུན་(Su Tzu-yun)་ནས་རྒྱ་ནག་གི་དམག་སྦྱོང་དེས་ཐེ་ཝན་ལ་ཉེན་ཁ་ཅི་ཙམ་ཡོད་པ་གསལ་བཀྲོལ་བྱུང་བ་རེད། ཨ་རི་གཙོས་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཚང་མས་རྒྱ་ནག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་ནན་བརྗོད་བྱ་རྒྱུ་ཤུགས་ཆེ་རུ་གཏོང་དགོས་པའི་དྲན་སྐུལ་ཐེབས་དགོས་པ་ཞིག་རེད་ཅེས་བཤད་པར་མ་ཟད། རྒྱལ་སྤྱིའི་ཛ་དྲག་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཨ་མན་ཌ་ཞའོ་ཡིས་ཀྱང་རྒྱ་ནག་དང་ཐེ་ཝན་གྱི་འབྲེལ་བ་ཡག་པོ་ཡོང་རྒྱུ་ཁག་པོ་རེད། ཛ་དྲག་ཆུང་དུ་གཏོང་ཐུབ་ཀྱང་རྒྱ་ནག་གི་ཐབས་ཇུས་དེར་ནུས་པ་ཐོན་གྱི་མེད་པ་དང་ལེ་ཆིང་ཏེའི་གཞུང་གིས་འགྲིག་མཐུན་བྱས་ན་ཕན་ཐོགས་མི་འདུག་བསམ་ཡོད་པ་རྒྱ་ནག་ལ་ངོས་ཟིན་དུ་འཇུག་རྒྱུ་གནད་འགག་ཅིག་རེད། རྒྱ་ནག་དང་ཐེ་ཝན་གཉིས་ལ་ཐད་ཀར་འབྲེལ་བ་མེད་པས་ཨ་མི་རི་ཀས་མཚོ་འགག་ཕྱོགས་གཉིས་བར་དུ་སྐད་ཆ་བཤད་ན་ནུས་པ་ཐོན་གྱི་རེད་ཅེས་ནན་གྱིས་བསྐུལ།།

ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀ་མི་ཀ་ཝ་
ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀ་མི་ཀ་ཝ་

ཕྱི་ཟླ་༥་པའི་ཚེས་༢༣་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཀ་མི་ཀ་ཝ་ཨ་རིར་འཚམས་འདྲིར་ཕེབས་ཏེ་ཕྱི་སྲིད་དྲུང་ཆེ་བྷི་ལི་ཁེན་དང་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་ཉི་ཧོང་དང་ཐེ་ཝན་གཉིས་རང་དབང་དང་དམངས་གཙོ། གཞི་རྩའི་ཐོབ་ཐང་དང་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་སོགས་ལ་བརྩི་འཇོག་བྱ་དགོས་པའི་ལྟ་གྲུབ་གཅིག་པ་ཡིན། ཐེ་ཝན་ནི་ཉི་ཧོང་ལ་ཤིན་ཏུ་གནད་འགག་ཆེ་བའི་ཟླ་གྲོགས་ཤིག་དང་ང་ཚོས་ཐེ་ཝན་ལ་དཔལ་འབྱོར་དང་ཚོང་ལས། མི་དམངས་དང་མི་དམངས་ཀྱི་འབྲེལ་བ་དམ་ཟབ་བཙུགས་ཡོད་པའི་གྲོགས་པོ་རྩ་ཆེན་ཞིག་ཡིན། ང་དང་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་ཐེ་ཝན་དང་ཐེ་ཝན་མཚོ་འགག་གི་གལ་ཆེའི་རང་བཞིན། ད་དུང་འཛམ་གླིང་གི་མཚོ་ཐོག་སྐྱེལ་རང་དབང་དང་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་སོགས་ལ་གྲོས་མོལ་བྱས་པ་ཡིན་ཞེས་གསལ་འགོད་པ་ཚོར་གླེང་མོལ་བྱས་འདུག

གླེང་སྟེགས།

XS
SM
MD
LG