ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༢༣

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་གཉིས་བཙོན་འཇུག


༄༅།། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཤུས་ཀྲི་ཡུང་དང་ཏིང་ཅ་ཤི་གཉིས་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ཏེ་བཙོན་འཇུག་གི་བཅད་ཁྲ་བསྒྲགས། ཕྱི་ཟླ་༤་པའི་ཚེས་༡༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཧྲན་ཏུང་ཞིང་ཆེན་གྱི་ཁྲིམས་ཁང་ཞིག་གིས་ཤུས་ཀྲི་ཡུང་ལ་ལོ་༡༤་དང་ཏིང་ཅ་ཤི་ལ་ལོ་༡༢་ཀྱི་ཁྲིམས་ཐག་བཅད། དེང་སྐབས་ཨ་མི་རི་ཀར་གནས་སྡོད་བྱེད་བཞིན་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཏིང་ཅ་ཤིའི་ཆུང་མ་ལོ་ཧྲེང་ཁྲུན་གྱིས་གོང་གི་གསར་འགྱུར་དེ་གསར་འགོད་པ་ཚོར་མཁོ་སྤྲོད་བྱས་འདུག ལོ་ཧྲེང་ཁྲུན་གྱིས་འདས་པའི་ལོ་མང་རིང་རང་གི་ཁྱོ་ག་གློད་གྲོལ་ཡོང་ཐབས་ཀྱི་ལས་འགུལ་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན། སྔ་ལོ་ཤུས་ཀྲི་ཡུང་དང་ཏིང་ཅ་ཤི་གཉིས་ལ་ཁྲིམས་ཁང་མ་འདྲ་བ་རེས་ཁྲིམས་བཤེར་བྱས་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ནག་ཉེས་ཕོག ཤུས་དང་ཏིང་གཉིས་ནས་རྒྱ་གཞུང་གིས་བཙུགས་པའི་ནག་ཉེས་ཁག་ལ་ངོས་ལེན་ཞུས་མེད་པའི་གནས་ཚུལ་ཐོན་འདུག

ད་ལྟ་ཤུས་ཀྲི་ཡུང་ལོ་༥༠་ཐམ་པ་དང་ཏིང་ཅ་ཤི་ལོ་༥༥་ཡིན་ཞིང་། ༢༠༡༩་ལོའི་ཕྱི་ཟླ་༡༢་པའི་ནང་ཤུས་ཀྲི་ཡུང་གི་བཀོད་སྒྲིག་ལྟར་རྒྱ་ནག་གི་ལས་འགུལ་བ་ཁག་ཅིག་ཞ་མེན་གྲོང་ཁྱེར་དུ་འདུས་ནས་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་རྣམས་གླེང་། དེ་ནས་བདུན་ཕྲག་༢་ཀྱི་རྗེས་སུ་རྒྱ་ནག་གཞུང་གིས་ཏིང་ཅ་ཤི་བཀག་ཉར་བྱས་ཀྱང་ཤུས་ཀྲི་ཡུང་ཀོང་ཀྲུག་གྲོང་ཁྱེར་དུ་ཟླ་བ་༢་ལ་སྐུང་སྟེ་༢༠༢༠་ལོའི་ཕྱི་ཟླ་༢་པར་བཀག་ཉར་ཐེབས། ཤུས་ཀྲི་ཡུང་སྐུང་ནས་བསྡད་པའི་སྐབས་དེར་ཞིས་ཅིན་ཕིང་ལས་གནས་ནས་དགོངས་པ་ཞུ་དགོས། ངས་བལྟས་ན་ཞིས་ཅིན་ཕིང་མི་ངན་པ་ཞིག་མ་རེད། ཁོ་པར་རྣམ་དཔྱོད་མི་འདུག དེས་ན་ངས་སླར་ཡང་ཞིས་ཅིན་ཕིང་ལས་གནས་ནས་དགོངས་པ་ཞུ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་ནི་རྒྱ་ནག་མི་དམངས་ཀྱི་མངོན་འདོད་རེད་ཅེས་ཡོངས་གྲགས་ཀྱི་ཡི་གེ་ཞིག་བཀྲམ། རྒྱ་ནག་གཞུང་གིས་དྲྭ་ལམ་ལ་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པས་ཤུས་ཀྲི་ཡུང་གི་ཡོངས་གྲགས་ཀྱི་ཡི་གེ་དེ་འཕྲལ་དུ་དྲྭ་ལམ་ནས་བསུབས།།

ཤུས་ཀྲི་ཡུང་གི་ཡོངས་གྲགས་ཀྱི་ཡི་གེ་དེར་ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པར་དབང་བསྒྱུར་བྱ་རྒྱུ་དམ་དུ་འགྲོ་བཞིན་པ་དང་དཔལ་འབྱོར་ལ་ཐེ་ཇུས། ཧོང་ཀོང་གི་སྨྲ་བརྗོད་རང་དབང་ལ་དམ་དྲག་དང་ཝུ་ཧན་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་མ་ཐུབ་པ་བཅས་ལ་སྐྱོན་བརྗོད་དྲག་པོ་བྱས། ཨ་མི་རི་ཀར་འཚོ་གནས་བྱེད་བཞིན་པ་དང་ལོ་བཅུ་ཕྲག་༢་ལྷག་ལ་ཤུས་ཀྲི་ཡུང་ངོ་ཤེས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐད་གྲགས་ཅན་ཏེང་པིའོ་ཡིས་རྒྱ་གཞུང་གིས་ཤུས་ཀྲི་ཡུང་ལ་ལོ་མང་གི་ཁྲིམས་ཐག་བཅད་པ་ནི་ཡོངས་གྲགས་ཀྱི་ཡི་གེ་དེར་འབྲེལ་བ་ཡོད་ཤས་ཆེ། ཁོང་རྒྱ་ནག་གི་སྤྱི་དམངས་ཐོབ་ཐང་ཐད་ཀྱི་ཁྲིམས་རྩོད་པ་གལ་ཆེན་ཞིག་རེད། ༢༠༡༥་ལོར་རྒྱ་གཞུང་གིས་ཁྲིམས་རྩོད་པ་ཚོར་དྲག་གནོན་བྱས་ནས་བཟུང་། ཤུས་དང་ཏིང་གཉིས་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་ཧ་ཅང་གི་ཉེས་ཆད་ལྕི་མོ་ཞིག་རེད། དེ་ནི་རྒྱ་གཞུང་ནས་གང་ཐུབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་ཚོར་གནོན་སྡོམ་དང་སྤྱི་དམངས་ཐོབ་ཐང་གི་ལས་འགུལ་རྨེག་མེད་དུ་འཇོམས་རྒྱུའི་རྟགས་མཚན་རེད་ཅེས་གསལ་བསྒྲགས་སྤེལ།།

ཤིས་དང་ཏིང་གཉིས་ལ་གསང་བའི་སྒོ་ནས་ཁྲིམས་ཐག་བཅད་པ་ལྟར་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དེ་དག་གི་བཅད་ཁྲའི་ངོ་བཤུས་ཀྱང་ལག་སོན་འབྱུང་དཀའ། ལོ་ཧྲེང་ཁྲུན་གྱིས་སི་ཨེན་ཨེན་གསར་འགྱུར་ལས་ཁང་གི་གསར་འགོད་པར་ཤུས་ཀྲི་ཡུང་དང་ཏིང་ཅ་ཤི་གཉིས་ལ་གསར་འགོད་པར་སྐད་ཆ་བཤད་དུ་མ་བཅུག་པ་དང་ཁྲིམས་ཁང་གི་བཅད་ཁྲ་དེ་ཕྱི་ལ་འགྲེམ་མི་ཆོག་ཅེས་བཀག་འགོག་བྱས་འདུག ཁོ་ཚོའི་ཁྲིམས་རྩོད་པའི་ལག་འཁྱེར་ཡང་ཕྱིར་བསྡུ་བྱས་འདུག་ཅེས་བསྟན། ཤུས་དང་ཏིང་གིས་སྤྱི་དམངས་ལས་འགུལ་གསར་པ་ཞེས་པའི་ཚོགས་པ་བཙུགས་ཏེ་རྒྱ་ནག་མི་དམངས་ལ་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་དགོས། རྒྱ་ནག་ལ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་དར་སྤེལ་གཏོང་དགོས་པ་དང་རྒྱ་གཞུང་གི་དཔོན་རིགས་ཁག་གི་རྒྱུ་དངོས་ཀྱི་འབྱུང་ཁུངས་རྣམས་ཕྱི་གསལ་ནང་གསལ་བྱས་ནས་སྟོན་དགོས་ཞེས་ལས་འགུལ་སྤེལ། ཤུས་ཀྲི་ཡུང་དང་ཏིང་ཅ་ཤི་གཉིས་ལ་ལོ་མང་གི་ཁྲིམས་ཐག་བཅད་པར་བཟའ་མི་རྣམས་དང་རྒྱབ་སྐྱོར་བ་ཚོ་ཧང་སང་དགོས་པར་གྱུར། ལོ་ཧྲེང་ཁྲུན་གྱིས་ངའི་ཁྱོ་ག་དང་ཤུས་གཉིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་རེད། ཁོ་ཚོས་རྒྱ་ནག་གི་རྩ་ཁྲིམས་དང་ཁྲིམས་ལུགས་ལྟར་ཁྲིམས་རྩོད་ཀྱི་ཆེད་ལས་བསྒྲུབས་པ་རེད་ཅེས་བཤད།།

ཤུས་ཀྲི་ཡུང་དང་ཏིང་ཅ་ཤི་གཉིས་བཀག་ཉར་བྱས་ཏེ་ལོ་༡་ཡས་མས་ཤིག་ལ་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་བཅུག་མེད་ཅིང་། ༢༠༢༡་གི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་ཤུས་ཀྲི་ཡུང་ལ་སྨྱུ་གུ་དང་ཤོག་གུ་མ་སྤྲད་པར་འབྲི་རྩོམ་བྱེད་མ་ཐུབ། ཁོང་གིས་ཁྲིམས་རྩོད་པར་དཔོད་བྲིས་བཏང་སྟེ་ང་ཚོའི་མི་ཚེ་འདིར་རྒྱ་ནག་ངེས་པར་དུ་དམངས་གཙོར་འགྱུར་དགོས། ང་ཚོའི་ལས་འགན་འདི་མི་རབས་རྗེས་མར་བཅོལ་མི་རུང་ཞེས་རྒྱ་ནག་རང་དབང་དང་དམངས་གཙོའི་རྒྱལ་ཁབ་ཅིག་ཏུ་འགྱུར་དགོས་པའི་ཕུགས་བསམ་རྣམས་ཡིག་ཐོག་ཏུ་བཀོད། ཡིག་ཐོག་ཏུ་འཁོད་པའི་ཤུས་ཀྲི་ཡུག་གི་ཕུགས་བསམ་འདི་ཏིང་ཅ་ཤིའི་ཆུང་མ་ལོ་ཧྲེང་ཁྲུན་གྱིས་ཕྱི་རུ་འགྲེམ་སྤེལ་བྱས་འདུག ཤུས་ཀྲི་ཡུང་གིས་པེ་ཅིང་སློབ་གྲྭ་ཆེན་མོར་ཁྲིམས་ལུགས་སློབ་སྦྱོང་བྱས་པ་དང་༢༠༠༣་ལོར་ཀོང་ཀྲུག་གི་བཀག་ཉར་ཁང་ཞིག་ཏུ་སློབ་ཕྲུག་ཅིག་ལ་རྡུང་རྡེག་བཏང་ནས་བསད་པའི་ཁ་མཆུ་ལ་གཏུགས་བཤེར་བརྒྱབ། ཁོ་པས་ཁ་མཆུ་དེ་འདྲ་འགའ་ཞིག་བླངས་ཏེ་རྒྱ་ནག་གི་བཀག་ཉར་ལམ་ལུགས་རྩ་མེད་གཏོང་དགོས་ཞེས་ཁྲིམས་གཏུགས་བྱས་ནས་སྐད་གྲགས་རྒྱས།།

Liu Chunxia, a supporter of Xu Zhiyong
Liu Chunxia, a supporter of Xu Zhiyong

ཏིང་ཅ་ཤིའི་ཆུང་མ་ལོ་ཧྲེང་ཁྲུན་གྱིས་༢༠༡༠་ལོར་ཤུས་ཀྲི་ཡུང་དང་ངའི་ཁྱོ་ག་སོགས་ལྟ་བ་མཐུན་པའི་མི་ཚོས་རྒྱ་ནག་གི་སྤྱི་དམངས་ལས་འགུལ་གསར་པའི་ཚོགས་པ་བཙུགས། ཁོ་ཚོ་ཕན་ཚུན་ངོ་ཤེས་མ་ཐག་ཏུ་བློ་ཁ་མཐུན་ཏེ་མཉམ་དུ་ལས་དོན་བསྒྲུབས། ཤིས་ཀྲི་ཡུང་གིས་རྩ་འཛིན་ལམ་སྟོན་རྣམས་གཏན་འབེབས་དང་ཏིང་ཅ་ཤཱིས་རྩ་འཛིན་ལམ་སྟོན་རྣམས་ལག་ལེན་བསྟར། ཁོ་ཚོས་ཁྲིམས་རྩོད་ཀྱི་ལས་འགུལ་སྤེལ་ནས་༢༠༡༣་ལོར་བཀག་ཉར་བྱུང་། ཏིང་ཅ་ཤི་ལ་ཁྲིམས་འགལ་གྱི་མི་ཚོགས་བསྡུས་པའི་ནག་ཉེས་བཙུགས་ནས་ལོ་༣་དང་ཕྱེད་ཀ་དང་ཤུས་ཀྲི་ཡུང་ལ་ལོ་༤་ཡི་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་རེད་ཅེས་བཀྲལ། ཞིས་ཅིན་ཕིང་གིས་རྒྱ་ནག་གི་ལས་འགུལ་བ་དང་ཁྲིམས་ལུགས་མཁས་པ། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་དང་གསར་འགོད་པ་ཚོར་དྲག་གནོན་བྱ་རྒྱུ་ཤུགས་ཆེ་རུ་བཏང་མོད། འོན་ཀྱང་༢༠༡༧་ལོར་བཙོན་བཀྲོལ་ཐོབ་པའི་རྗེས་སུ་ཤུས་ཀྲི་ཡུང་གིས་མུ་མཐུད་དུ་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གནད་དོན་རྣམས་གླེང་སྟེ་དྲྭ་ལམ་དུ་འགྲོ་བ་མིའི་ཐོབ་ཐང་གི་གནད་ལ་ཁེལ་བའི་རྩོམ་ཡིག་བྲིས།

ཨ་རིའི་ནེའུ་ཡོག་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་ཝང་ཡ་ཆུས་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་གྲགས་ཅན་ཤུས་ཀྲི་ཡུང་དང་ཏིང་ཅ་ཤི་གཉིས་ལ་ཁྲིམས་ཐག་ལྕི་མོ་བཅད་པ་ནི་ཞིས་ཅིན་ཕིང་གིས་རྒྱ་ནག་གི་ཞི་བའི་ལས་འགུལ་བ་ཚོར་གདུག་རྩུབ་ཆེན་པོས་དྲག་གནོན་བྱེད་ཀྱི་ཡོད་པ་མཚོན་ཐུབ། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་དེ་ཚོས་རྒྱ་ནག་ལ་གནོན་ཤུགས་སྤྲད་ནས་ཆ་རྐྱེན་མེད་པར་ཁྲིམས་རྩོད་པ་དེ་དག་གློད་གྲོལ་གཏོང་དུ་འཇུག་དགོས། ནུབ་ཕྱོགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་པེ་ཅིང་ལ་འདུར་རྒྱུག་བྱས་ནས་འབྲེལ་བ་འཛུགས་ཀྱི་ཡོད་ཀྱང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་མཆོག་ཏུ་གྱུར་པ་རྣམས་བཙོན་འཇུག་བྱེད་ཀྱི་ཡོད་པ་ངོས་ཟིན་དགོས་ཞེས་འབོད་སྐུལ་ཞུས། ༢༠༢༠་ལོར་ཤུས་ཀྲི་ཡུང་ལ་ཨ་རིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གཟེངས་རྟགས་ཐོབ། ༢༠༢༣་ལོར་ཏིང་ཆ་ཤི་ལ་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཐོབ།།

ཕྱི་ཟླ་༤་པའི་ཚེས་༡༠་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གཞུང་ནས་ཤུས་དང་ཏིང་གཉིས་ཀྱིས་གཞན་ལ་ངན་འབྲེལ་ཐོག་ཏུ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུའི་ཚོགས་པ་བཙུགས་ནས་འཆར་འགོད་བྱས་པ་རེད། སྤྱི་དམངས་ལས་འགུལ་གསར་པ་ཟེར་བའི་ཚོགས་པ་དེས་༢༠༡༢་ནས་༢༠༡༣་བར་དུ་གྱེན་ལོག་གི་རྩོམ་ཡིག་བྲིས་ཏེ་ཞི་བའི་གསར་བརྗེ་བསླང་དགོས་པའི་སྐུལ་ལྕག་བཏང་འདུག ཤུས་དང་ཏིང་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་བསྒྱུར་ལ་ཡི་མ་རངས་པའི་མི་གཉིས་རེད་ཅེས་ནག་ཉེས་གཡོགས། རྒྱ་ནག་གི་ཉེས་དོན་ཁྲིམས་ལུགས་སུ་སྐྱེ་བོ་གང་ཞིག་ལ་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་ཐབས་ཀྱི་ནག་ཉེས་ཕོག་ཚེ། མི་དེར་ཉུང་མཐའ་ཡང་ལོ་༡༠་ནས་ཚེ་བཙོན་གྱི་བཙོན་འཇུག་ཁྲིམས་ཐག་གཅོད་ཆོག་པའི་གནས་ཚུལ་ཐོན། ཤུས་ཀྲི་ཡུང་དང་ཏིང་ཅ་ཤི་གཉིས་ཀྱིས་རྒྱ་ནག་གི་གོང་རིམ་ཁང་ལ་ཞུ་གཏུགས་བྱེད་ཆོག་ཀྱང་ཉམས་ཞིབ་པ་ཚོས་གོང་རིམ་ཁྲིམས་ཁང་གིས་གྱོད་གཞི་དེར་བདག་པོ་རྒྱག་རྒྱུའི་རེ་བ་དེ་ཙམ་མཐོང་གི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG