ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་ནག་གི་སྐྱོན་འཛུགས་ལ་བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་ཀྱིས་ངོས་ལེན་བྱས་མེད་པ།


རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲོན་ཚབ་ལི་ཅན་
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲོན་ཚབ་ལི་ཅན་

གཟའ་འཁོར་འདིའི་གཟའ་མིག་དམར་ནས་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲན་ནང་བྱང་མཚོ་ཨཌ་ལན་ཀྲིག་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་དབུ་བརྙེས་ནས་ལོ་༧༥ འཁོར་བའི་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་ཏེ་ཉིན་གསུམ་གྱི་ཚོགས་ཆེན་བསྐྱངས་ཡོད། ཚོགས་ཆེན་དེའི་བརྒྱུད་རིམ་ནང་སྒྲིག་འཛུགས་དེས་གསལ་བསྒྲགས་སྤེལ་བའི་ནང་རྒྱ་ནག་གིས་ཨུ་རུ་སུའི་མཉམ་དུ་ཚད་བཀག་མེད་པའི་མཉམ་སྦྲེལ་བྱ་རྒྱུར་ཆོད་སེམས་བརྟན་པོའི་སྒོ་ནས་གྲོས་མཐུན་བཞག་པ་དང་ཕྱོགས་མཚུངས་ཡུལ་དེས་ཨུ་རུ་སུ་ལ་དམག་དོན་ཡོ་བྱད་དང་གོ་ལག འགོག་སྲུང་འཕྲུལ་ཆས་སོགས་ཇེ་མང་མཁོ་སྤྲོད་བྱས་དང་བྱེད་མུས་ཡིན་པ་བཅས་ཀྱིས་རྒྱ་ནག་ནི་ཨུ་རུ་སུས་ཡུ་ཀེ་རེན་ལ་དཔུང་འཇུག་བཙན་འཛུལ་བྱེད་རྒྱུར་མཐུན་འགྱུར་ཤུགས་ཆེར་བྱས་ཏེ་དམག་དོན་གྱི་ནུས་ཤུགས་སྤྲོད་མཁན་དེ་རེད་ཅེས་གསལ་སྟོན་བྱས་འདུག

གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲོན་ཚབ་ལི་ཅན་གྱིས་ཁོང་ཁྲོ་ཆེན་པོས་ལན་འདེབས་གཏམ་བཤད་བྱས་པའི་ནང་བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་ཀྱིས་རྒྱལ་ཁབ་གཞན་ལ་གནོད་སྐྱོན་དོ་ཕོག་བཟོས་ནས་བདེ་འཇགས་སྲུང་སྐྱོབ་ཐུབ་ཐབས་བྱེད་ཀྱི་འདུག སྒྲིག་འཛུགས་དེས་ཡུ་རོབ་ནང་ར་ལང་ཆ་ལང་གི་གནས་སྟངས་བསྐྲུན་པ་ནང་བཞིན་ཞིག་ཨེ་ཤི་ཡ་ནང་དུ་ཟིང་ཆ་མ་སློང་རོགས་ཞེས་བཤད་ཡོད་པ་རེད། རྒྱ་ནག་གིས་བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་ཀྱིས་ཡུ་རོབ་ནང་ཟང་ཟིང་བཟོས་ལུགས་བཤད་པ་དེ་ནི་སྒྲིག་འཛུགས་དེའི་ཚོགས་མིའི་རྒྱལ་ཁབ་ཚོས་ཡུ་ཀེ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་དམག་འཁྲུག་ལ་གདོང་ལེན་འཐབ་རྩོད་བྱེད་ཀྱི་ཡོད་པ་དེར་རྒྱབ་བསྐྱོར་དང་རོགས་འདེགས་བྱེད་བཞིན་པ་ལ་ཟེར་གྱི་ཡོད་སྐོར་དབྱེ་ཞིབ་པས་བརྗོད་ཀྱི་ཡོད་པ་རེད། དེ་བཞིན་ད་ལམ་གྱི་ཚོགས་ཆེན་དེའི་ནང་དམག་དོན་སྒྲིག་འཛུགས་དེའི་ཚོགས་མི་མ་ཡིན་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་ཁུལ་གྱི་མཐུན་གྲོགས་རྒྱལ་ཁབ་ནིའུ་ཛི་ལནཌ་དང་ ཉི་ཧོང། ལྷོ་ཀོ་རི་ཡ། ཨོསི་ཀྲི་ལི་ཡ་བཅས་ཀྱི་འགོ་ཁྲིད་དམ་མཐོ་རིམ་དཔོན་རོགས་མཉམ་ཞུགས་བྱས་པ་དེར་རྒྱ་ནག་གིས་མ་འདོད་པའི་བསམ་ཚུལ་གསལ་སྟོན་བྱས་ཡོད་པ་རེད། དེ་ཡང་རྒྱལ་ཁབ་བཞི་པོ་དེས་བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་ཆེན་ནང་མཉམ་ཞུགས་བྱས་པ་ད་རེས་ཐེངས་བཞི་པ་དེ་ཆགས་ཡོད། ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་དེ་ཚོ་དང་ཕི་ལི་པིནསི་བཅས་ཨ་རི་དང་ནུབ་ཕྱོགས་དབར་གྱི་འབྲེལ་ལམ་བཟང་དུ་འགྲོ་བཞིན་པ་དེར་རྒྱ་ནག་གིས་བློ་དོགས་ཆེན་པོ་བྱེད་ཀྱི་ཡོད་རེད།

ཡང་རྒྱ་ནག་གིས་ད་རེས་ཨ་རིའི་རྒྱལ་སའི་ནང་སྒྲིག་འཛུགས་དེའི་ཚོགས་ཆེན་བསྐྱངས་པའི་སྐབས་དེར་རང་གི་མཐུན་ཕྱོགས་རྒྱལ་ཁབ་སྟེ་ཡུ་ཀེ་རེན་དང་ས་འབྲེལ་རྒྱལ་ཁབ་བྷེ་ལ་རུསི་དང་མཉམ་དུ་དམག་རྩལ་སྦྱོང་བརྡར་འགོ་འཛུགས་བྱས་ཡོད་པ་རེད། རྒྱ་ནག་གིས་བྱང་ཨཌ་ལན་ཌིག་དམག་དོན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནི་བདེ་འཇགས་ལ་ཉེན་འཚབ་སྦྱོར་མཁན་ཞིག་ཡིན་པར་ངོས་འཛིན་བྱས་པ་དེ་ནི་རྒྱུ་མཚན་གང་དང་ཡང་མི་ལྡན་པའི་ཀུན་སློང་ངན་པ་བཅང་སྟེ་བྱས་པ་ཞིག་དང་། དེ་ཐོག་ནས་སྒྲིག་འཛུགས་དེ་ཡིས་རྒྱ་ནག་ལ་མིང་ཆད་བཟོ་ཐབས་དང་རྒྱ་ནག་གི་རྒྱལ་ནང་ཆབ་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཆགས་ཀྱི་ཡོད་ཅེས་ཀྱང་བརྗོད་དེ་སྐྱོན་བརྗོད་ཤུགས་ཆེ་བྱས་འདུག

ཨེ་པི་དང་བྷུ་ལུམ་བྷག་གསར་ལམ་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG