རེས་གཟའ་ཕུར་བུའི་ཕྱི་དྲོ་སྲིད་འཛིན་ཇོ་ བྷའི་ཌན་གྱིས་ཤིན་ཏུ་དོ་སྣང་ཆེ་བའི་གསར་འགོད་ལྷན་ཚོགས་གནང་ནས་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་མུ་མཐུད་བཞུགས་རྒྱུ་ཡིན་ཞེས་གསུངས་འདུག གསར་འགོད་ལྷན་ཚོགས་དེར་བདེ་སྲུང་དང་ཕྱི་འབྲེལ་སྲིད་ཇུས་ཀྱི་གྲུབ་འབྲས་བྱུང་བ་རྣམས་ངར་ཤུགས་ཆེན་བགྲངས་ནང་ཁོང་མུ་མཐུད་སྲིད་འཛིན་གྱི་འོས་མིར་འོས་མིན་གྱི་དྲི་བར་ལན་འདེབས་གནང་ཡོད་པ་རེད། ཁོང་གིས་རང་གི་ཤུལ་བཞག་མ་བསམ་པར་ལས་དོན་འགོ་འཛུགས་བྱས་པ་དེ་མཇུག་འཁྱོངས་ཆེད་མུ་མཐུད་འོས་མིར་བཞུགས་རྒྱུ་ཡིན་པ་དང་། འོས་འཕེན་པ་མི་མང་ཁོངས་ནས་ཁོང་ལ་རྒྱབ་སྐྱོར་ཤུགས་ཆེར་ཡོད་པར་བརྟེན་འོས་བསྡུའི་ནང་མུ་མཐུད་བཞུགས་ནས་རྒྱལ་ཁ་ཐོབ་པ་གནང་གི་ཡིན་ཞེས་གསུངས།
མང་གཙོ་ཚོགས་པའི་ཁོངས་ནས་སྲིད་འཛིན་བྷའི་ཌན་ལ་འོས་མི་ནས་ཕྱིར་འཐེན་གནང་དགོས་པའི་བསྐུལ་མ་བྱེད་མཁན་ཉིན་རེ་བཞིན་མང་དུ་འགྲོ་བཞིན་པ་དང་། གནས་ཚུལ་ཐོན་པར་གཞིགས་ན་གྲོས་ཚོགས་ཀྱི་མི་རིགས་ནག་པོའི་འཐུས་མིའི་ཚོགས་ཆུང་གིས་སྲིད་འཛིན་བྷའི་ཌན་འོས་མི་ནས་ཕྱིར་འཐེན་གནང་དགོས་པའི་རེ་བསྐུལ་བྱས་འདུག་ཅིང་། དེ་ནི་སྲིད་འཛིན་བྷའི་ཌན་ལ་གནས་ཚུལ་བཟང་པོ་གཅིག་མིན་པ་རེད། རེས་གཟའ་ཕུར་བུའི་ཉིན་ཚོུད་གཅིག་ཙམ་གྱི་གསར་འགོད་ལྷན་ཚོགས་གནང་བ་དེ་ནི་སྲིད་འཛིན་བྷའི་ཌན་ལ་ལོ་ནའི་བབས་ཀྱི་སྲིད་འཛིན་གྱི་ལས་དུས་ཆ་ཚང་བ་གནང་ཐུབ་མིན་ལ་ཚོད་ལྟ་གཅིག་ཡིན་པ་དང་། གསར་འགོད་པ་ཚོས་གནད་དོན་དེའི་སྐོར་ལ་གཅིག་མཇུག་གཉིས་མཐུད་དྲི་བ་བཏང་ཡོད་ནའང་། སྲིད་འཛིན་ཀྲམ་གྱིས་འགྱུར་བ་མེད་པར་མུ་མཐུད་གནས་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
ཨེ་པི་གསར་སྤེལ་ལས་ཁང་གི་དབྱེ་ཞིབ་པ་ཇོཤ་ བྷོག་གིས་བརྗོད་དོན་ལ་ སྲིད་འཛིན་བྷའི་ཌན་གྱིས་འདས་པའི་ལོ་གཉིས་རིང་ཨ་རིའི་དཔལ་འབྱོར་འཕེལ་རྒྱས་བྱུང་ཡོད་པ་དང་ཕྱི་འབྲེལ་སྲིད་ཇུས་ཀྱི་གྲུབ་འབྲས། རྒྱ་ནག་དང་ཨུ་རུ་སུ་ལ་འཛིན་པའི་སྲིད་ཇུས། རྒྱལ་སྤྱིའི་ཆབ་སྲིད་ཁོར་ཡུག་ནང་མཐུན་ཕྱོགས་རྒྱལ་ཁབ་ཚོ་མཉམ་ཁྲིད་བྱེད་ཐུབ་པ་སོགས་གསལ་བཤད་གནང་རྒྱུར་འབད་བརྩོན་གནང་ཡོད་ནའང་། མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་དང་མཐུན་གྲོགས། ལྷག་པར་འོས་འཕེན་མཁན་མི་མང་ཚོར་ཁོང་གིས་སྲིད་འཛིན་གྱི་ལས་རྒྱུན་སྐྱོང་ཐུབ་རྒྱུར་ལུས་སེམས་གཉིས་ཀྱི་ནུས་པ་ཡོད་མེད་ཐེ་ཚོམ་བྱེད་མཁན་ཚོར་སེམས་བསྐུལ་ཐེབས་པ་གནང་ཡོད་མེད་མ་འོངས་ཉིན་ཤས་ནང་གསལ་པོ་ཆགས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་འདུག
གསར་འགོད་ལྷན་ཚོགས་དེའི་ཐོག་སྲིད་འཛིན་བྷའི་ཌན་གྱིས་མངོན་གསལ་ཅན་གྱི་འགལ་འཛོལ་གྱི་ནོར་འཁྲུལ་གནང་ཡོད་པ་དང་། དེ་ཡང་སྲིད་འཛིན་སྐུ་གཞོན་ཀ་མ་ལ་ ཧ་རིས་མིང་ལ་སྲིད་འཛིན་སྐུ་གཞོན་ཀྲམ་ཞེས་གསུངས་པ་དང་། གསར་འགོད་ལྷན་ཚོགས་དེ་མ་གནང་གོང་དེར་ཡུ་ཀེ་རན་གྱི་སྲིད་འཛིན་ཝོ་ལ་ཌི་མོར་ ཛི་ལནྶ་ཀིས་མིང་གི་ཚབ་ལ་སྲིད་འཛིན་པི་ཀྲིན་ཞེས་འགལ་འཛོལ་གནང་ཡོད་པ་རེད། ཨན་བྷི་སི་གསར་འགོད་པ་པི་ཀྲར་ ཨེ་ལཀ་ཛན་ཌར་གྱིས་སྲིད་འཛིན་སྐུ་གཞོན་གྱི་མིང་ནོར་འཛོལ་བྱུང་བ་དེའི་སྐོར་དྲི་བ་གནང་སྐབས་དེར་ལན་གསལ་པོ་གནང་མེད་པ་རེད། སྲིད་འཛིན་བྷའི་ཌན་གྱིས་སྲིད་འཛིན་སྐུ་གཞོན་གྱི་མཚན་ནོར་བ་དེ་སྤྱི་ཚོགས་དྲ་ཚིགས་ནང་བརྒྱུད་སྤེལ་ཤུགས་ཆེར་བྱེད་ཀྱི་ཡོད་པ་རེད།
གསར་འགོད་ལྷན་ཚོགས་དེ་གྲུབ་རྗེས་ནིའུ་ཡོག་ཀྲའིམྶ་ནང་གནས་ཚུལ་སྤེལ་བར་གཞིགས་ན་ཕོ་བྲང་དཀར་པོའི་ལས་བྱེད་ཚོས་སྲིད་འཛིན་བྷའི་ཌན་ལ་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་བྱེད་ཕྱོགས་ལམ་སྟོན་ཇི་ལྟར་བྱེད་དགོས་པའི་སྐོར་ལྐོག་ཏུ་གོ་བསྡུར་ནན་པོ་གནང་གི་ཡོད་རེད་ཅེས་གནས་ཚུལ་སྤེལ་འདུག
གསར་འགོད་ལྷན་ཚོགས་དེ་གྲུབ་མ་ཐག་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཇིམ་ ཧིམྶ་ཡིས་གསར་འགོད་བསྒྲགས་གཏམ་སྤེལ་བའི་ནང་སྲིད་འཛིན་བྷའི་ཌན་ལ་འོས་མི་ནས་ཕྱིར་འཐེན་གནང་དགོས་པའི་འབོད་བསྐུལ་གནང་འདུག་པ་དང་། དེ་ནས་གང་མཚམས་རྗེས་ཁེལ་ཕིར་ནི་ཡ་ནས་ཡིན་པའི་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སི་ཀོཌ་ པི་ཀྲརྶ་ཡིས་རྒྱན་རྩེད་ཀྱི་ཚད་ཧ་ཅང་མཐོ་བོར་སླེབས་ཡོད་པ་དང་ང་ཚོ་ཕམཉེས་ཀྱི་ཕྱོགས་སུ་བསྐྱོད་ཀྱི་འདུག་ཅེས་འགྲེལ་བརྗོད་བྱས་འདུག
སྲིད་འཛིན་བྷའི་ཌན་གྱིས་འོས་མི་ནས་ཕྱིར་འཐེན་བྱེད་དགོས་པའི་བསམ་ཚུལ་ལ་ངོས་ལེནགནང་རྒྱུའི་རྣམ་འགྱུར་བསྟན་མེད་ནའང་། རེས་གཟའ་ཕུར་བུའི་གསར་འགོད་ལྷན་ཚོགས་ཐོག་གལ་སྲིད་ཁོང་གི་འོས་བསྡུའི་ལས་བྱེད་ཚོས་སྤྱི་ཟླ་ ༡༡ ནང་རྒྱལ་ཁ་ཐོབ་རྒྱུའི་རེ་བ་གཏན་བྲལ་ཡིན་སྐོར་བསམ་ཚུལ་བཏོན་ན་འོས་མིའི་ཁོངས་ནས་ཕྱིར་འཐེན་གནང་གི་ཡིན་ཞེས་གསུངས་ཡོད་པ་རེད།
ཨེ་པི་དང་རུའི་ཌར་གསར་སྤེལ་ལས་ཁང་ནས་གནས་ཚུལ་བཏུས།
གསར་འགོད་པ། རྣམ་རྒྱལ་ཤཱསྟྲཱི།
གླེང་སྟེགས།