ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༡༡/༢༧

སྲིད་འཛིན་བྷ་ཌན་གྱིས་མང་གཙོ་ཚོགས་ཁོངས་ལ་ཁོང་སྲིད་འཛིན་འོས་མི་ཐད་གླེང་སློང་མཚམས་འཇོག་བྱེད་དགོས་གསུངས།


སྲིད་འཛིན་བྷ་ཌན་
སྲིད་འཛིན་བྷ་ཌན་

༄༅། །རེས་གཟའ་ཟླ་བའི་ཉིན་སྲིད་འཛིན་ཇཱོ་བྷ་ཌན་གྱིས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་འཕྲིན་ཡིག་ཞིག་གནང་ནས་ཁོང་སྲིད་འཛིན་གྱི་འོས་བསྡུའི་ནང་ཞུགས་རྒྱུར་ཆོད་སེམས་བརྟན་པོ་ཡིན་པས་དེའི་སྐོར་གླེང་སློང་བྱ་རྒྱུ་མཚམས་འཇོག་བྱེད་དགོས་ཞེས་གསུངས་འདུག་པ་དང་། དེ་ཡང་སྲིད་འཛིན་བྷ་ཌན་ལ་ཁོང་གི་ཚོགས་པའི་གྲོས་ཚོགས་འཐུས་མི་ཉུང་ཤས་གཅིག་གིས་ཁོང་ལ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་མུ་མཐུད་བཞུགས་མེད་སྐོར་ཡོངས་བསྒྲགས་དགོངས་ཚུལ་བཏོན་ཡོད་པ་དང་། ཡང་འགའ་ཞིག་གིས་ཁོང་དགུང་ན་བགྲེས་དྲག་པས་འོས་མི་སྐུ་གཞོན་པ་ཞིག་ལ་མིང་འདོན་གནང་ན་མ་གཏོགས་ཕྱི་ཟླ་བཅིུག་པའི་ཚེས་༥འི་འོས་བསྡུའི་ནང་ཁོང་གི་ཁ་གཏད་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མིར་ངེས་པ་སྲིད་འཛིན་ཟུར་པ་ཌོ་ནལ་ཀྲམ་ལ་རྒྱལ་ཁ་ཐོབ་ཉེན་ཡོད་རེད་ཅེས་བསམ་ཚུལ་འདོན་གྱི་ཡོད་པ་རེད།

འོན་ཀྱང་སྲིད་འཛིན་བྷ་ཌན་གྱིས་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་གནང་བའི་ཕྱག་བྲིས་ནང་ཁོང་ནི་ཌོ་ནལ་ཌམ་ཕམ་ཉེས་གཏོང་རྒྱུར་དམིགས་ཏེ་འོས་སྡུའི་འགྲན་རྩོད་མཐའ་མ་བར་དུ་ཞུགས་རྒྱུར་འགྱུར་བ་མེད་ཅེས་དང་། ད་ཆ་འབྲེལ་ཡོད་ཚོས་སེམས་ཤུགས་ཆག་པའམ་ཡང་ན་ལས་དོན་བྱེད་ཕྱོགས་གསལ་པོ་མེད་པར་གྱུར་པ་ཡིན་ན་ དེས་ཀྲམ་ལ་ཕན་ཐོགས་དང་རང་ཕྱོགས་ལ་གནོད་སྐྱོན་བཟོ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

སྲིད་འཛིན་བྷ་ཌན་གྱིས་ཕྱག་བྲིས་དེའི་ནང་མང་གཙོ་ཚོགས་པའི་དངོས་གཞིའི་སྲིད་འཛིན་འོས་མི་ཐག་གཅོད་ཀྱི་ཚོགས་ཆེན་འཚོགས་རྒྱུར་ཉིན་གྲངས་༤༢ལས་མེད་པ་དང་། རྒྱལ་ཡོངས་འོས་བསྡུ་བྱེད་བར་ཉིན་གྲངས་༡༡༩ ལས་ལྷག་མེད་པར་བརྟེན་དཀའ་རྙོག་སེལ་བའི་ནུས་པ་སྐྱོ་བའམ། ཡང་ན་གསལ་ཁ་མེད་པ་དེས་ཌོ་ནལ་ ཀྲམ་ལ་ཕན་ཐོགས་བྱ་རྒྱུ་ལས་མེད་པས་ད་ཆ་ཚང་མ་ཆིག་བསྒྲིལ་གྱིས་མདུན་བསྐྱོད་བྱེད་དགོས་པ་ཡིན་ཞེས་ཕྱག་བྲིས་དེའི་ནང་གསུངས་ཡོད་པ་རེད། ཡང་སྲིད་འཛིན་བྷ་ཌན་གྱིས་རང་གི་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་འཕྲིན་ཡིག་དེ་གནང་རྗེས་རེས་གཟའ་ཟླ་བའི་སྡ་དྲོ་ཨེམ་ཨེས་ཨན་བྷི་སི་བརྙན་འཕྲིན་གྱི་སྔ་དྲོའི་ལས་རིམ་གྱིས་བཅར་དྲི་བྱས་པའི་ནང་མིང་ཆེན་པོ་ཡོད་པ་དེ་དག་གིས་གང་བསམ་གྱི་ཡོད་ནའང་དེར་བདག་སྤྲོད་གནང་གི་མེད། ཕྱི་ལོ་༢༠༢༠ལོར་ཀྲམ་ལ་རྒྱལ་ཁ་ཐོབ་རྒྱུ་དང་ང་ལ་ཕམ་ཉེས་ཡོང་རྒྱུ་ཡིན་ལུགས་བཤད་པ་དེ་ཚོ་ནོར་འཁྲུལ་ཐོན་ཡོད་པ་བཞིན་ཕྱི་ལོ་༢༠༢༤ལོར་ཡང་ཁོང་ཚོ་ནོར་གྱི་རེད། མང་གཙོ་ཚོགས་པའི་མི་མང་དཀྱུས་པ་ཚོས་ངོས་ལ་འོས་མི་བྱས་ཏེ་མུ་མཐུད་བསྡོད་རྒྱུར་རྒྱབ་བསྐྱོར་ཐོབ་ཡོད་ཅེས་གསུངས་ཡོད། དེ་ལྟར་ནའང་ད་ལྟའི་ཆར་སྐུ་ཞབས་བྷ་ཌན་གྱིས་ཁོང་འོས་མིའི་འགྲན་རྩོད་ནས་ཕྱིར་འཐེན་གནང་བའི་སྐུལ་མ་བྱུང་བཞིན་པ་ཁག་ལ་སྣང་མེད་ཟུར་འཇོག་གནང་བཞིན་ཡོད་པ་རེད།

གསར་འགོད་པ། ་པདྨ་བདེ་ཆེན།

རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG