ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཨ་རིའི་འོས་འཕེན་མི་མང་ཚོས་དཔལ་འབྱོར་སྲིད་ཇུས་གཙོ་བཟུང་གིས་འོས་འཕེན་གྱི་ཡིན་བརྗོད་ཀྱི་ཡོད་པ།


འོས་ཤོག་འཕེན་མཁན་གྱིས་ཝར་ཇི་ནི་ཡའི་མངའ་སྡེའི་འོས་ཤོག་འཕེན་བཞིན་པ།
འོས་ཤོག་འཕེན་མཁན་གྱིས་ཝར་ཇི་ནི་ཡའི་མངའ་སྡེའི་འོས་ཤོག་འཕེན་བཞིན་པ།

ཕྱི་ཟླ་བཅིུག་པའི་འོས་བསྡུའི་སྐབས་སུ་འོས་མི་གཉིས་ནས་སུ་ལ་འོས་འཕེན་མིན་ཐད་མང་ཚོགས་ཁྲོད་གླེང་སློང་བྱེད་བཞིན་པའི་སྐབས་འདིར་འོས་འཕེན་མཁན་མང་ཆེ་བས་ད་ལོའི་འོས་ཤོག་དེ་ཡུལ་གྱི་དཔལ་འབྱོར་དར་འཕེལ་གྱི་ནུས་པ་ལ་བསམ་ཞིབ་བྱས་ནས་འོས་འཕེན་གྱི་ཡིན་ཞེས་བརྗོད་ཀྱི་ཡོད་པ་རེད།

ཨ་རིའི་རླུང་འཕྲིན་ཁང་གིས་གནད་དོན་དེའི་ཐོག་གསལ་སྟོན་བྱེད་མཁན་ལྷོ་ཁེ་རོ་ལ་ནའི་མངའ་སྡེའི་ཚོང་པ་ཁེ་རིསེ། སི་ཀྲིན་སན་གྱིས་དེ་ལྟར་ནན་བརྗོད་བྱས་འདུག དེ་དང་ཕྱོགས་མཚུངས་གཟའ་འཁོར་སྔོན་མའི་ནང་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་མི་མང་ཁག་ཅིག་ལ་འོས་བསྡུའི་ཉིན་གནད་དོན་གང་ལ་གཞིགས་ཏེ་འོས་འཕེན་རྒྱུ་ཡིན་པའི་སྐོར་བསམ་ཚུལ་བསྡུ་ལེན་བྱས་པའི་སྐབས་འོས་འཕེན་བ་དེ་ཚོའི་ཁོངས་ནས་བརྒྱ་ཆ་༣༦གིས་དཔལ་འབྱོར་གྱི་གནད་དོན་དེ་གལ་འགངས་ཆེ་ཤོས་སུ་ངོས་འཛིན་བྱས་ཏེ་འོས་འཕེན་གྱི་ཡིན་ཞེས་བཤད་འདུག

གནད་དོན་གལ་ཆེ་བ་གཉིས་པ་དེ་ནི་མང་གཙོ་སྲུང་སྐྱོབ་སུས་བྱེད་ཐུབ་མིན་ཐད་ཡིན་པ་གསལ་སྟོན་བྱས་འདུག གནད་དོན་དེ་གཉིས་ཀྱི་རྗེས་འོས་བསྡུའི་སྐབས་སུ་གནད་དོན་གལ་ཆེན་གཞན་གཅིག་ནི། མེ་མདའི་བདག་ཉར་ལ་བཏང་འཛིན་དང་བེུད་ཀྱི་མངལ་གནས་ཕྲུག་འདོར་གྱི་ཐོབ་ཐང་སོགས་བགྲངས་འདུག ཡང་འོས་འཕེན་བའི་ཁྲོད་དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ལ་ནུས་པ་ལྡན་པའི་ལས་དོན་ཐད་འོས་མི་སུས་གནང་ཐུབ་མིན་ཐད་བསམ་ཚུལ་དྲིས་པའི་ལན་དེ་ཙམ་གསལ་པོ་མེད་པར་ཚོགས་པ་སོ་སོའི་ལྟ་བ་ལངས་ཕྱོགས་ཐོག་ནས་ལན་འདེབས་བྱས་འདུག དཔེར་ན་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་ཆེ་བས་ཚོགས་པ་དེའི་ཚོགས་ཁོངས་སྲིད་འཛིན་འོས་མི་སྲིད་འཛིན་ཟུར་པ་ཌོ་ནལ་ཀྲམ་གྱིས་དཔལ་འབྱོར་ཡར་རྒྱས་གཏང་ཐུབ་རྒྱུ་ཡིན་ལུགས་བཤད་དེ་ཁོང་ནི་ཚོང་པ་ཞིག་ཡིན་པ་དང་། དེ་སྔ་ཁོང་གིས་སྲིད་འཛིན་གྱི་འགན་བཞེས་སྐབས་དཔལ་འབྱོར་ལ་ཡར་རྒྱས་སོང་ཡོད་པ་དང་། ཁོང་གི་ལས་དུས་རྗོགས་མཚམས་སུ་ལས་མེད་མི་འབོར་ཆེན་པོ་ཐོན་པ་དེ་ཡང་ཏོག་དབྱིབས་ནད་ཡམས་སྐབས་སུ་ཁྱིམ་བསྡོད་བཀག་རྒྱ་བཏང་བའི་རྐྱེན་གྱིས་ཡིན་ལུགས་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད། ཡང་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འཇཱོ་བྷ་ཌན་གྱིས་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་ཀྱི་རེད་བརྗོད་མཁན་ཚོས་ད་ལྟའི་སྐབས་འདིར་དཔལ་འབྱོར་ཉམས་གསོ་བྱུང་ཡོད་པ་དང་། དངོས་ཟོག་གི་རིན་གོང་ཆེ་ཙམ་ཡོད་པ་དེ་ཚོའང་དཔལ་འབྱོར་སླར་གསོ་བྱུང་བའི་རྟགས་མཚན་ཡིན་སྐོར་བརྗོད་ཀྱི་ཡོད་པ་རེད། འོན་ཀྱང་འོས་འཕེན་བ་ཚོང་པ་སི་ཌིན་སོན་ལྟ་བུ་ནི་ཚོགས་པ་གཉིས་ཀའི་འོས་མི་ལ་སྐྱོན་མཐོང་ནས་དངོས་འབྲེལ་ཁོང་རྣམ་པ་གཉིས་ཀས་དཔལ་འབྱོར་ཡར་རྒྱས་གཏོང་ཐུབ་རྒྱུར་འདེང་ཚོད་མེད་ཅེས་བརྗོད་ཀྱི་ཡོད་པ་རེད།

ཨ་རི་རླུང་འཕྲིན་ཁང་གི་གསར་འགྱུར་ལས་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG