ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

མང་གཙོ་ཚོགས་པའི་ནང་སྲིད་འཛིན་བྷ་ཌན་གྱི་འོས་བསྡུའི་དྲིལ་བསྒྲགས་ལ་ཡོངས་བསྒྲགས་སེམས་ཚབས་བྱེད་ཀྱི་ཡོད་པ།


གཟའ་འཁོར་སྔོན་ཕྱི་ལོ་༢༠༢༤ལོའི་སྲིད་འཛིན་འོས་མིར་ངེས་པ་སྲིད་འཛིན་ལས་ཐོག་འཇཱོ་བྷ་ཌན་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཁྲམ་གཉིས་ཀྱི་དབར་བགྲོ་གླེང་དང་པོ་
གཟའ་འཁོར་སྔོན་ཕྱི་ལོ་༢༠༢༤ལོའི་སྲིད་འཛིན་འོས་མིར་ངེས་པ་སྲིད་འཛིན་ལས་ཐོག་འཇཱོ་བྷ་ཌན་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཁྲམ་གཉིས་ཀྱི་དབར་བགྲོ་གླེང་དང་པོ་

༄༅། །གཟའ་འཁོར་སྔོན་ཕྱི་ལོ་༢༠༢༤ལོའི་སྲིད་འཛིན་འོས་མིར་ངེས་པ་སྲིད་འཛིན་ལས་ཐོག་འཇཱོ་བྷ་ཌན་དང་སྲིད་འཛིན་ཟུར་པ་ཌོ་ནལ་ཁྲམ་གཉིས་ཀྱི་དབར་བགྲོ་གླེང་དང་པོ་དེ་གནང་སྐབས་སྲིད་འཛིན་བྷ་ཌན་གྱིས་བགྲོ་གླེང་ནུས་པ་ལྡན་པ་གནང་ཐུབ་མེད་པར་བརྟེན་ད་ཆ་མང་གཙོ་ཚོགས་པའི་གནད་ཡོད་མི་སྣ་ཁག་ཅིག་གིས་སྐུ་ཞབས་བྷ་ཌན་གྱིས་ཕྱི་ཟླ་བཅིུག་པའི་འོས་བསྡུའི་ནང་འགྲན་རྩོད་གནང་ཐུབ་རྒྱུར་ལུས་སེམས་གཉིས་ཀའི་ནུས་པ་གདེང་ངེས་མེད་པའི་བློ་འཚབ་ཡོད་སྐོར་མང་ཚོགས་ཐོག་གསལ་སྟོན་བྱེད་འགོ་ཚུགས་ཡོད་པ་རེད། དེ་ཡང་བགྲོ་གླེང་དེའི་རྗེས་སུ་ནིའུ་ཡོག་ཀྲའིམྶ་གསར་ཤོག་དང་མང་གཙོ་ཚོགས་པའི་ཚོགས་ཁོངས་མི་སྣ་ཁག་ཅིག གཞན་ཡང་མང་ཚོགས་ཁྲོད་ནས་སྲིད་འཛིན་བྷ་ཌན་དགུང་ལོ་བགྲེས་དྲགས་པའི་རྐྱེན་གྱིས་སྲིད་འཛིན་གྱི་ལས་དུས་གཉིས་པ་གནང་ཐུབ་རྒྱུ་མིན་པ་དང་། ལྷག་པར་དུ་ཁ་གཏད་སྲིད་འཛིན་ཟུར་པ་ཌོ་ནལ་ཁྲམ་ལ་ད་ལོའི་འོས་བསྡུའི་ནང་ཕམ་ཉེས་གཏོང་ཐུབ་ཀྱི་མ་རེད་ཅེས་བཤད་དེ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ནས་ཕྱིར་འཐེན་གནང་དགོས་འདུག་ཅེས་བསམ་ཚུལ་བཏོན་གྱི་ཡོད་པ་རེད། ད་ཆ་མང་གཙོ་ཚོགས་པའི་གནད་ཡོད་མི་སྣའི་ཁྲོད་ནས་དེ་ལྟར་བསམ་ཚུལ་བྱེད་མཁན་ཡོང་གི་ཡོད་པ་དང་། དེའི་ཁོངས་སུ་ཀྲེཀ་ཛསེ་མངའ་སྡེ་ནས་ཡིན་པ་གྲོས་ཚོགས་འོག་མའི་ནང་ལས་དུས་ཐེངས་༡༥གནང་མཁན་ལོཡེཌ་ཌོ་གྷེཌ་གཅིག་ཡིན་པ་རེད། རེས་གཟའ་མིག་དམར་ཉིན་ཁོང་གིས་སྐུ་ཞབས་བྷ་ཌན་གྱིས་ད་ཆ་ཧ་ཅང་ཡིད་གདུང་ཞིང་དཀའ་ཚེགས་ཆེ་བའི་ཐག་ཆོད་གནང་ནས་སྲིད་འཛིན་འོས་མིའི་འགྲན་རྩོད་ནས་ཕྱིར་འཐེན་གནང་དགོས་ཀྱི་འདུག་ཅེས་གསུངས་པ་དང་ཆབས་ཅིག ཁོང་གིས་དེ་ལྟར་ཡོངས་བསྒྲགས་གསལ་སྟོན་བྱེད་རྒྱུའི་ཐག་གཅོད་དེ་ཡང་ལས་སླ་པོ་ཞིག་ལ་གཏན་ནས་བྱས་མེད་པ་དང་། དེ་ལྟར་བསྐུལ་མ་བྱས་པ་དེས་སྲིད་འཛིན་བྷ་ཌན་གྱི་མཛད་རྗེས་ལ་ཡི་རང་དང་ཁོང་ལ་གུས་བཀུར་བྱེད་ཀྱི་ཡོད་པ་དེར་འགྱུར་བ་སྤུ་ཙམ་མེད་ཅེས་གསུངས་འདུག འོན་ཀྱང་སྐུ་ཞབས་ཌོ་གྷེཌ་ཡིས་ཁོང་གིས་དེ་ལྟར་ཡོངས་བསྒྲགས་གནང་རྒྱུར་ཐག་ཆོད་བྱེད་དགོས་གྱུར་བའི་རྐྱེན་ནི་བགྲོ་གླེང་སྐབས་སུ་སྐུ་ཞབས་བྷ་ཌན་གྱི་བློ་རྣལ་དུ་མེད་པ་དང་སོ་སོའི་བྱས་རྗེས་དང་གྲུབ་འབྲས་རྣམས་འབུར་སྟོན་གནང་མ་ཐུབ་པ་བཅས་ལ་བརྟེན་ནས་ཡིན་ཞེས་གསུངས་འདུག

སྲིད་འཛིན་བྷ་ཌན་གྱིས་ཉེ་ཆར་ཁོང་གིས་རྒྱལ་ཁབ་མང་པོར་ཕྱོགས་ཕེབས་གནང་བ་དང་། འོས་བསྡུའི་དྲིལ་བསྒྲགས་གཅིག་མཇུག་གཉིས་མཐུད་གནང་པ་སོགས་ཀྱིས་སྐུ་ངལ་གསོ་རྒྱུ་མ་བྱུང་བ་དང་གཉིད་མ་འདེང་པའི་རྐྱེན་གྱིས་དེའི་དགོང་མོའི་བགྲོ་གླེང་དེ་ནུས་པ་ལྡན་པ་གནང་ཐུབ་མེད་པ་ལས། ཁོང་གི་ལུས་སེམས་གཉིས་ཀ་བདེ་ཐང་ཡོད་པ་དང་ལྷག་པར་དུ་དྲང་བདེན་ཐོག་ནས་རྒྱལ་ཁབ་ཀྱི་ལས་དོན་བསྒྱུབ་ཐུབ་པའི་ནུས་པ་ཡོད་ཅེས་གསུངས་ཏེ་འོས་མི་ནས་ཕྱིར་འཐེན་གནང་རྩིས་མེད་པ་གསལ་སྟོན་གནང་ཡོད་པ་རེད།

དེ་དང་ཕྱོགས་མཚུངས་མང་གཙོ་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོས་སྐུ་ཞབས་བྷ་ཌན་མུ་མཐུད་དེ་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་གནང་རྒྱུར་རྒྱབ་བསྐྱོར་ཡོད་པ་གསལ་སྟོན་གནང་གི་ཡོད་པ་དང་། ལྷག་པར་གྲོས་ཚོགས་གོང་མའི་འཐུས་མི་གྲངས་མང་གི་འགོ་ཁྲིད་ཆུག་ཤུ་མཱར་གྱིས་སྲིད་འཛིན་བྷ་ཌན་ལ་མུ་མཐུད་རྒྱབ་བསྐྱོར་བྱེད་ཀྱི་ཡོད། ཁོང་དགུང་གྲངས་༨༡ལ་ཕེབས་ཡོད་ནའང་། སྲིད་འཛིན་གྱི་ཐུགས་འགན་བཞེས་ཐུབ་རྒྱུ་ཡིན་པར་ཡིད་ཆེས་དང་གདེང་འཇོག་བྱེད་ཀྱི་ཡོད་ཅེས་གསུངས་འདུག ཁོང་གིས་དེ་ལྟར་་གསུངས་པ་དེས་མང་གཙོ་ཚོགས་པའི་མཐོ་རིམ་མི་སྣའི་ཁྲོད་དུ་གནད་དོན་དེའི་ཐད་དགོངས་ཚུལ་ཇི་ཡོད་གསལ་སྟོན་བྱུང་བར་ངོས་འཛིན་བྱེད་ཆོག་པ་རེད་ཅེས་འགྲེན་བརྗོད་བྱས་འདུག

གསར་འགོདཔ། པདྨ་བདེ་ཆེན།

ཞུ་དག་གཏོང་མཁན། རྩོམ་སྒྲིག་འགན་འཛིན་རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG