ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་མ་བྱས་པར་མི་ཧྲེང་འཚོ་བར་རོལ། 


༄༅།། རྒྱ་ནག་གི་སྤྱི་ཚོགས་སུ་གཉེན་སྒྲིག་མ་བྱས་པའི་འཚོ་བ་ནི་མི་ཚེ་དོན་སྙིང་ལྡན་པ་ཞིག་མ་རེད་ཅེས་བཤད་སྲོལ་ཡོད་ཀྱང་ན་གཞོན་ཚོས་བདེ་སྐྱིད་མེད་པའི་གཉེན་སྒྲིག་གི་འཚོ་བ་ཞིག་རོལ་བ་ལས་མི་ཧྲེང་གི་འཚོ་བ་སྟབས་བདེ་ཞིག་རོལ་ན་དགའ་ཞེས་དགག་པ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༢༣་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་རྒྱལ་ཡོངས་སུ་ན་གཞོན་ཚོས་ཁྱིམ་ཐབ་བྱས་ཏེ་གཉེན་སྒྲིག་གི་དཔང་ཡིག་ལེན་མཁན་ལོ་རེ་བཞིན་ཇེ་ཉུང་དང་ཕོ་ཧྲེང་མོ་ཧྲེང་དུ་བསྡད་ནས་འཚོ་བར་རོལ་མཁན་ཇེ་མང་དུ་སོང་། རྒྱ་ནག་གི་ཧང་ཀྲུག་གྲོང་ཁྱེར་གྱི་ཚོང་ལས་མཐུན་ཚོགས་ཤིག་གི་ལས་མི་སྟེ། བརྩེ་དུང་དང་གཉེན་སྒྲིག་ཐད་ཀྱི་མཁས་པ་ལིང་ཙི་ཟེར་བ་ཞིག་གིས་རྒྱ་ནག་གི་ན་གཞོན་ཉིན་རེའི་ཚགས་པར་གྱི་གསར་འགོད་པར་མི་ཚེའི་ནང་དུ་བརྩེ་དུང་ཉམས་སུ་མྱོང་མ་ཐུབ་པ་ནི་མི་ཚེ་དོན་སྙིང་མ་ཚང་བ་ཞིག་རེད་ཅེས་བཀྲལ། རྒྱ་ནག་གི་ཝི་པོ་དྲྭ་ཚིགས་སུ་ལིང་ཙིའི་ལྟ་ཚུལ་ལ་དགག་པ་བརྒྱབ་ནས་གླེང་སློང་ཤུགས་ཆེན་བྱུང་།།

རྒྱ་ནག་གི་དྲྭ་དམངས་ཤིག་གིས་ང་ལ་དངུལ་སྒོར་མེད་པར་མི་ཚེ་དོན་སྙིང་མ་ཚང་བ་དེ་རོལ་བཞིན་ཡོད། བཟོ་ཚོང་ལས་ཁུངས་ཁག་གིས་ན་གཞོན་ཚོར་གླ་ཕོགས་མང་དུ་བཏང་སྟེ་སྤྱི་ཚོགས་ཀྱི་བརྩེ་དུང་ཉམས་སུ་མྱོང་དུ་འཇུག་དགོས་ཞེས་འཕྲིན་ཐུང་ཞིག་སྤེལ། དྲྭ་དམངས་གཞན་ཞིག་གིས་གཉེན་སྒྲིག་བྱས་ན་རང་དབང་བརླག་གི་རེད། རང་དབང་བརླགས་པ་ནི་མི་ཚེའི་དོན་སྙིང་མ་ཚང་བ་ཞིག་མ་རེད་དམ་ཞེས་དྲིས། ཡང་དྲྭ་དམངས་གཞན་ཞིག་གིས་མི་ཚེའི་ནང་དུ་ཉམས་སུ་མྱོང་རྒྱུ་ཇི་སྙེད་ཅིག་འདུག ང་ཚོས་ཐམས་ཅད་ཉམས་སུ་མྱོང་དགོས་ཀྱི་མ་རེད་ཅེས་དགག་པ་བརྒྱབ། ༢༠༢༢་ལོར་རྒྱ་ནག་རྒྱལ་ཡོངས་སུ་གཉེན་སྒྲིག་བྱེད་མཁན་མི་གྲངས་ས་ཡ་༡༡.༥༨་ལས་བྱུང་མེད་ཅིང་། དེ་ནི་༢༠༢༡་ལོ་དང་བསྡུར་ན་གཉེན་སྒྲིག་བྱེད་མཁན་མི་གྲངས་༧༠༨༠༠༠་ཉུང་བ་ཡིན་འདུག རྒྱ་ནག་གི་ན་གཞོན་ཚོ་ཕོ་ཧྲེང་མོ་ཧྲེང་དུ་བསྡད་ནས་གཉེན་སྒྲིག་བྱེད་ཀྱི་མེད་པས་ཕ་མ་ཚོར་ཁྱིམ་ཤུལ་ཆད་རྒྱུའི་སེམས་ཁྲལ་ཆེན་པོ་ཡོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༢༡་ལོར་ཨ་ཡི་ཁྲོམ་ར་ཞིབ་འཇུག་ཁང་གིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། ལོ་ན་༢༠་ནས་༤༥་བར་གྱི་མི་ཧྲེང་ཚོས་ཚེ་གང་པོར་གཉེན་སྒྲིག་མ་བྱས་པར་འདུག་རྒྱུ་ཡིན་ཟེར། མི་དག་གི་གྲས་ཀྱི་བརྒྱ་ཆ་བཞིས་གཉེན་སྒྲིག་ནམ་ཡང་བྱ་རྒྱུ་མིན་ཞེས་སེམས་ཐག་གཙང་མ་བཅད། རྒྱ་ནག་སྐམ་ས་ཆེན་མོའི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བུད་མེད་གཙོ་བོར་གྱུར་པའི་དྲྭ་དམངས་ཚོས་གཏན་དུ་ལང་ཚོ་དར། གཉེན་སྒྲིག་མི་བྱ། ཕྲུ་གུ་མི་སྐྱེ། ཕྲུ་གུ་མི་སྐྱེ་བའམ། ཕྲུ་གུ་གསོ་སྐྱོང་མི་བྱེད་པ་ནི་བདེ་ཐང་ཡིན་ཞེས་བཤད་སྲོལ་ཞིག་ཁྱབ། རྒྱ་ནག་གི་ན་གཞོན་ཚོ་ཤེས་ཚད་ཅི་ཙམ་མཐོ་རུ་ཕྱིན་ན་དེ་ཙམ་གྱིས་མཚར་སྣང་ཆེ་རུ་ཕྱིན་ཏེ་གཉེན་སྒྲིག་ནི་མཐར་ཐུག་གི་མི་ཚེའི་དོན་སྙིང་མིན་པའི་འདུ་ཤེས་སྐྱེས། ཁོ་ཚོ་མན་ཇུའི་རྩོམ་པ་པོ་ཚའོ་ཤུའེ་ཆིན་གྱིས་བརྩམས་པའི་ཐོག་ཁང་དམར་པོའི་རྨི་ལམ་ཞེས་པའི་གཏམ་རྒྱུད་ཀྱི་རྗེས་སུ་འབྲང་གི་ཡོད་པའི་གནས་ཚུལ་ཐོན། ལོ་ན་༤༠་ལ་སོན་པའི་ཧྲང་ཧེ་བ་མོ་ཧྲེང་དང་ཕྲུ་གུ་མེད་པ་ཇུ་ཌི་ཧྲེན་ཞེས་པ་ཞིག་གིས་ང་ནི་མི་ཧྲེང་བྱས་ནས་འཚོ་འདོད་ཡོད། ངའི་མི་ཚེའི་རིང་དོན་དུ་གཉེར་དགོས་པ་མང་པོ་ཡོད་ཅེས་མཆན་བྲིས།།

ཨ་ཡི་ཁྲོམ་ར་ཞིབ་འཇུག་ཁང་གིས་རྒྱ་མོ་ལོ་ན་༣༠་ཡན་ཆད་དང་གྲོང་ཁྱེར་དུ་ཐེངས་དང་པོར་བསླེབས་པ་མང་ཆེ་བ་མོ་ཧྲེང་དུ་འཚོ་གནས་བྱ་འདོད་འདུག ཁོ་ཚོ་ཤེས་ཚད་མཐོ་བ་དང་དཔལ་འབྱོར་ཡོང་འབབ་ཡག་པོ། ཁྱོ་གར་བརྟེན་ནས་འཚོ་མི་དགོས་པས་གཉེན་སྒྲིག་བྱེད་ཀྱི་མེད་པ་རེད་ཅེས་བསྟན། ཉེ་ཆར་ཕྱི་ཟླ་༧་པའི་ཚེས་༡༠་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ན་གཞོན་ཚོས་གཉེན་སྒྲིག་བྱེད་ཀྱི་མེད་པ་ནི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་བཅས་ལ་འབྲེལ་བ་དམ་ཟབ་འདུག ཏོག་དབྱིབས་ནད་ཡམས་དུས་སུ་ཞིས་ཅིན་ཕིང་གིས་ལོ་༣་ལ་སྒོ་རྒྱ་བསྡམས་ནས་རྒྱ་ནག་མི་དམངས་རྣམས་བཙོན་པ་ལྟར་རང་ཁྱིམ་དུ་བཀག རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་སློབ་ཆེན་ཐོན་པའི་ན་གཞོན་ལས་མེད་པ་ཇེ་མང་། རྒྱ་ནག་གི་ནད་འགོག་སྲིད་ཇུས་དང་དེའི་སྐབས་ཀྱི་འཚོ་བའི་དཀའ་ངལ། འགྲིམ་འགྲུལ་རང་དབང་མེད་པ་སོགས་ནི་རྒྱ་ནག་གི་ན་གཞོན་ཚོ་མི་ཧྲེང་དུ་བསྡད་ན་སྟབས་བདེ་ཡིན་པ་དང་བཟའ་ཟླ་བུ་ཕྲུག་ཡོད་ན་དཀའ་ངལ་ཆེ་བའི་ངེས་ཤེས་གསར་པ་ཞིག་རྙེད་དུ་བཅུག་འདུག་ཅེས་གནས་ཚུལ་སྤེལ།།

གྷ་རེ་སི་ཀྲང་ཞེས་པ་ནི་འཕྲུལ་ལས་པ་ཞིག་ཡིན་པ་དང་གཉེན་སྒྲིག་བྱ་དགོས་མིན་ཐད་སོམ་ཉིའི་དྲྭ་བར་ཚུད་པའི་མི་ཞིག་ཡིན་ཞིང་། སྔ་ལོ་རྒྱ་ནག་གཞུང་གིས་ཧྲང་ཧེ་གྲོང་ཁྱེར་ཧྲིལ་པོ་ཟླ་བ་གཉིས་ལ་སྒོ་རྒྱ་བསྡམས། རྒྱ་ནག་གི་གྲོང་ཁྱེར་གཞན་ཁག་ཀྱང་གཅིག་རྗེས་གཉིས་མཐུད་དུ་འགྲོ་འོང་བཀག་པའི་རྗེས་སུ་གྷ་རེ་སི་ཀྲང་མི་ཚེ་ལ་ཡི་ཐང་ཆད། ཁོ་མོས་རྒྱ་ནག་གི་ནད་འགོག་སྲིད་ཇུས་ཕྱིར་བསྡུ་བྱས་པའི་རྗེས་སུ་འཚོ་བར་འཛིན་པའི་འདུ་ཤེས་འགྱུར་ཐུབ་རྒྱུའི་རེ་ལྟོས་བཅངས། ཡིན་ནའང་རྒྱ་ནག་གི་བཟོ་གྲྭ་ཁག་སྒོ་བརྒྱབ། ན་གཞོན་ས་ཡ་མང་པོར་ལས་ཀ་མ་རག དེས་ན་ལོ་༣༡་ལ་སོན་པའི་གྷ་རེ་སི་ཀྲང་ལ་རང་གི་ལས་ཀ་དེ་བརྟན་པོ་ཡིན་ནམ། རང་གི་གླ་ཕོགས་དེས་ཁྱིམ་ཚང་ཞིག་འཛིན་ཐུབ་བམ་ཞེས་ཐེ་ཚོམ་བྱུང་། ཁོ་མོར་གྲོགས་པོ་ཞིག་ཡོད་པ་དང་ཨ་ཕས་ཁྱིམ་ཐབ་བྱོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་འཕྲལ་དུ་གཉེན་སྒྲིག་བྱ་རྒྱུའི་འཆར་གཞི་མེད་པར་མ་ཟད། རྒྱ་ནག་གི་སྤྱི་ཚོགས་ལ་ཕྱོགས་གང་ཐད་དུ་ངེས་གཏན་མེད་པས་ན་གཞོན་ཚོས་རང་གི་མདུན་ལམ་ལ་འགྱུར་བ་ཆེན་པོ་ཞིག་གཏོང་རྒྱུར་སྐྲག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ན་ནིང་དང་བསྡུར་ན་༢༠༢༣་ལོར་རྒྱ་ནག་གི་སྤྱི་ཚོགས་སུ་གཉེན་སྒྲིག་བྱེད་མཁན་མང་དུ་ཕྱིན་ཀྱང་བཟའ་ཚང་འཐོར་མཁན་ཡང་ཇེ་མང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན། ཉམས་ཞིབ་པ་ཚོས་ཕ་མ་ཚོར་སྐད་ཆ་དྲིས་ནས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ལྟར་ན། རྒྱ་ནག་གི་སྤྱི་ཚོགས་སུ་བུ་ཕྲུག་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུ་འགྲོ་གྲོན་ཆེ་དྲགས་པ་དང་སློབ་གྲྭ་གང་ལེགས་ལ་ཚུད་ཐུབ་པའི་འགྲན་སྡུར་ཆེ་བ། བུད་མེད་རྣམས་གྲོང་ཁྱེར་དུ་སྤོས་པའི་རྗེས་སུ་དཔལ་འབྱོར་རང་མགོ་ཐོན། ཤེས་ཚད་མཐོ་རུ་ཕྱིན་ཏེ་སྔར་ལྟར་ཁྱོ་གར་བརྟེན་ནས་འཚོ་གནས་བྱ་མི་དགོས་པས་གཉེན་སྒྲིག་ནི་མི་ཚེའི་བྱ་བ་གལ་ཆེན་ཞིག་ཏུ་མ་གྱུར། རྒྱ་ནག་གི་ཕོ་གསར་ཚོར་དགའ་རོགས་ཤིག་མ་བསྒྲིགས་གོང་ནས་ཁང་པ་དང་རླངས་འཁོར་སོགས་ཀྱི་ཆ་རྐྱེན་འཛོམ་དགོས་པས་གཉེན་སྒྲིག་བྱ་རྒྱུ་ལས་སླ་པོ་ཞིག་མིན། དེང་སྐབས་རྒྱ་ནག་གི་ན་གཞོན་ཚོར་མདུན་ལམ་བརྟན་པོ་མེད་པར་ཁྱིམ་ཚང་འཛིན་རྒྱུ་དཀའ་ངལ་ཆེ་བའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་ན་གཞོན་ཚོར་གཉེན་སྒྲིག་བྱས་ནས་ཕྲུ་གུ་སྐྱེ་དགོས་ཞེས་ལས་འགུལ་སྤེལ། ཐ་ན་གཞོན་ནུ་ཚོ་ཕན་ཚུན་ཐུག་འཕྲད་ཐུབ་པའི་འདུ་འཛོམས་བཀོད་སྒྲིག་དང་གྲོང་ཁྱེར་༢༠་ཐམ་པས་དུས་རབས་གསར་པའི་གཉེན་སྒྲིག་ཅེས་གཉེན་སྟོན་གྱི་འགྲོ་གྲོན་རྣམས་གཞུང་གིས་བཏང་སྟེ་མི་འབོར་འཕེལ་ཐབས་ཀྱི་སྲིད་ཇུས་ཤིག་ཚོད་ལྟ་བྱེད་འགོ་ཚུགས། ལོ་ན་༢༣་ལ་སོན་པའི་ན་གཞོན་མ་ཤུའི་པིང་ཆོན་ནི་སློབ་ཆེན་ཐོན་པའི་སློབ་ཕྲུག་ཅིག་ཡིན་པ་དང་ཡུ་རོབ་རྒྱལ་ཁབ་སི་པེན་ལ་སློབ་སྦྱོང་དུ་བསྐྱོད་རྒྱུའི་འཆར་གཞི་བསྒྲིགས། ནད་ཡམས་དུས་སུ་འགྲིམ་འགྲུལ་བཀག་སྟེ་འཆར་གཞི་རྣམས་འཁྲུགས། ཤུའི་པིང་ཆོན་གྱིས་ངའི་མི་ཚེ་ལ་འགྱུར་བ་ཆེན་པོ་ཞིག་གཏོང་འདོད་མེད། ང་ལ་དགའ་རོགས་བཙལ་རྒྱུའི་འདོད་པ་མེད། ཁོ་པ་ང་ལ་ཡག་པོ་ཞིག་ཡིན་མིན་སུས་ཤེས། ང་ལ་ངེས་གཏན་མེད་པའི་མི་ཚེ་ཞིག་སྐྱེལ་འདོད་མེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། ༢༠༢༠་ནས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བུད་མེད་ལོ་༢༥་ནས་༢༩་བར་དུ་སོན་པ་དང་གཉེན་སྒྲིག་གཏན་ནས་བྱས་མྱོང་མེད་མཁན་བརྒྱ་ཆ་༤༠.༦་མང་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༧་པའི་ཚེས་༢༩་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་བཟོ་ཚོང་ལས་ཁུངས་ཁག་གིས་བུད་མེད་སྦྲུམ་མ་ཚོར་གཟིགས་རྟོག་དང་ཕྲུ་གུ་སྐྱེས་པའི་རྗེས་སུ་ཕོག་ཡོད་གུང་སེང་སྤྲོད་ཀྱི་མེད་པས་བུད་མེད་ཚོར་ཕྲུ་གུ་སྐྱེ་ན་ལས་ཀ་ཤོར། ཕྲུ་གུ་སྐྱེ་བའི་དུས་སུ་གླ་ཕོགས་ཆད། རྒྱ་ནག་གཞུང་གིས་སྒེར་གྱི་བཟོ་ཚོང་ལས་ཁང་ཁག་ལ་བུད་མེད་ལས་མི་ཚོར་ཕྲུ་གུ་སྐྱེ་བའི་དུས་སུ་གླ་ཕོགས་སྤྲོད་དགོས་ཞེས་བཅའ་ཁྲིམས་ལག་ལེན་མ་བསྟར། ལྷག་པར་དུ་གཉེན་སྒྲིག་མ་བྱས་པར་ཕྲུ་གུ་སྐྱེས་པའི་བུད་མེད་ཚོར་ལྟ་ཚུལ་བཟང་པོ་མེད་པས་ཕྲུ་གུ་སྐྱེ་རྒྱུ་ཤིན་ཏུ་དཀའ། མི་དམངས་སློབ་གྲྭ་ཆེན་མོའི་སློབ་དཔོན་དབྱང་ཇུ་ཧྭས་རྒྱ་ནག་གཞུང་གིས་གཉེན་སྒྲིག་བྱས་པའི་བཟའ་ཚང་ཚོར་ཁེ་ཕན་སྤྲོད་ཀྱི་ཡོད་ཀྱང་ཁྱོ་ག་སྟོན་རྒྱུ་མེད་པའི་བུད་མེད་ཚོར་ཕྲུ་གུ་སྐྱེས་ཀྱང་ཁེ་ཕན་གཅིག་མཚུངས་ཤིག་སྤྲོད་ཀྱི་མི་འདུག མི་འབོར་འཕེལ་རྒྱས་འགྲོ་དགོས་ན་ཁྱོ་ག་ཡོད་མེད་གཉིས་ཀར་ཕྲུ་གུ་སྐྱེ་བའི་དུས་སུ་ཁེ་ཕན་འདྲ་མཉམ་སྤྲོད་དགོས་ཞེས་ལྟ་ཚུལ་བརྗོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG