ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༣༡

རྒྱ་ནག་གིས་བཙན་དྲག་བསྐུལ་ནས་ཐེ་ཝན་ལེན་སྲིད།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གིས་ཐེ་ཝན་མཚོ་གླིང་དེ་ཉིད་སྐམ་ས་ཆེན་མོའི་དཀྱིལ་འཁོར་དུ་བསྡུ་རྒྱུའི་སྲིད་ཇུས་ཁག་ཅིག་གཏན་ལ་ཕབ་སྟེ མ་འོངས་པར་རྒྱ་ནག་གིས་ཐེ་ཝན་ལ་བཙན་དྲག་བསྐུལ་ནས་སྐམ་ས་ཆེན་མོའི་ཁོངས་སུ་བསྡུ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཐེ་ཝན་གྱི་གནད་དོན་དུས་ཚོད་ངེས་མེད་བར་དུ་ནར་འགྱངས་བཏང་ནས་འཇོག་འཆར་མེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་སྟེ། པེ་ཅིང་སློབ་གྲྭ་ཆེན་མོའི་ཐེ་ཝན་ཉམས་ཞིབ་ཁང་གི་འགན་འཛིན་ལི་དབྱི་ཧུས་བཤད་པ་ལྟར་ན་རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཞི་དྲག་གཉིས་ཀྱི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་སྔར་ལས་ཤུགས་ཆེ་རུ་གཏོང་སྲིད། གཟའ་ཉི་མ་འདིར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་ཞིས་ཅིན་ཕིང་གི་སྲིད་འཛིན་གྱི་ལས་དུས་ཚད་བཀག་མེད་པར་གཏོང་འཆར་ཡོད་པར་ཐེ་ཝན་རང་བཙན་ཕྱོགས་ཁག་གིས་བློ་འཚབ་བྱ་དགོས། པེ་ཅིང་གི་དབང་འཛིན་པ་ཚོས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་ལ་ཁྲོམ་ར་སྒོ་འབྱེད་ཀྱི་གོ་སྐབས་ཆེན་པོ་སྤྲོད་བཞིན་འདུག ཐེ་ཝན་གྱི་ཆེད་ལས་པ་དང་ཤེས་ཡོན་ཅན་ཚོར་རྒྱ་ནག་གིས་གླ་ཕོགས་མཐོ་བའི་ལས་ཀ་སྤྲོད་ཀྱི་ཡོད་པ་དང་། ཉེ་དུས་ཤིག་ནས་ཐེ་ཝན་གྱི་ཆེད་ལས་པ་དང་སྐྱེ་བོ་རྣམ་དཔྱོད་ཅན་རྣམས་རྒྱ་ནག་སྐམ་ས་ཆེན་མོར་བློ་ཁ་ཕྱོགས་རྒྱུ་ཇེ་མང་དུ་སོང་སྟེ་ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་ལས། འཕྲུལ་རིག་ལག་རྩལ་རྣམས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས། རྒྱ་ནག་གི་ཁྲོམ་ར་བཅས་ལ་མ་བརྟེན་ཀ་མེད་དུ་གྱུར་ཡོད། མཐར་རྒྱ་ནག་གིས་དམག་རྒྱག་མ་དགོས་པར་ཐེ་ཝན་རང་བཞིན་གྱིས་སྐམ་ས་ཆེན་མོའི་ཁོངས་སུ་བསྡུ་ཐུབ་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ཐེ་ཝན་ཞི་བའི་སྒོ་ནས་ལེན་མ་ཐུབ་ན་བཙན་དྲག་བསྐུལ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུའི་སྲིད་ཇུས་ལག་ལེན་བསྟར་སྲིད་ཅེས་དོགས་སློང་བྱེད་ཀྱི་ཡོད་པ་རེད། པེ་ཅིང་སློབ་གྲྭ་ཆེན་མོའི་ཐེ་ཝན་ཉམས་ཞིབ་ཁང་གི་འགན་འཛིན་ལི་དབྱི་ཧུས་སྲིད་འཛིན་ཞིས་ཅིན་ཕིང་གིས་ཐེ་ཝན་ལ་བཙན་དྲག་བསྐུལ་ནས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་པའི་དུས་ཚོད་གཏན་འབེབས་བྱས་ཡོད་པའི་རྟགས་མཚན་མེད་མོད། འོན་ཀྱང་ཞིས་ཅིན་ཕིང་གིས་ཐེ་ཝན་དང་རྒྱ་ནག་སྐམ་ས་ཆེན་མོ་གཅིག་གྱུར་བྱ་རྒྱུ་ལས་དོན་གལ་ཆེན་ཞིག་ལ་བརྩིས་འདུག རྒྱ་ནག་གི་དཔལ་འབྱོར་ཅི་ཙམ་ཡར་རྒྱས་སོང་ན་དེ་ཙམ་གྱིས་རྒྱ་ནག་གི་དམག་གི་སྟོབས་ཤུགས་ཡར་རྒྱས་གཏོང་ཐུབ། རྒྱ་ནག་གི་སྟོབས་འབྱོར་རྒྱས་པའི་དུས་སུ་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུ་དང་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུ། ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་འབྲེལ་བ་གཅོད་དུ་འཇུག་པ་དང་ཐེ་ཝན་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ལ་ཞུགས་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཞིས་ཅིན་ཕིང་གིས་ཐེ་ཝན་ལ་འཛིན་པའི་སྲིད་ཇུས་ཁོངས་སུ་དཔལ་འབྱོར་དང་ཆབ་སྲིད། དམག་དོན་དང་རིག་གཞུང་། སྤྱི་ཚོགས་དང་ཁྲིམས་འཛིན་བཅས་འདུས་ཡོད། ཟླ་བ་སྔོན་མར་རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་སྲིད་ཇུས་དོན་ཚན་༣༡་ཁྱབ་བསྒྲགས་བྱས་པ་དེའི་ཁོངས་སུ་མཚོ་འགག་ཕྱོགས་གཉིས་ཞི་འཇམ་གྱི་སྒོ་ནས་མཉམ་འདྲེས་བྱེད་དུ་འཇུག་དགོས་ཞེས་འཁོད་ཡོད། སྲིད་ཇུས་དོན་ཚན་༣༡་གི་ནང་གི་དོན་ཚན་༡༢་ཚོང་ལས་ལ་འབྲེལ་བ་ཡོད་པ་དང་སྲིད་ཇུས་དོན་ཚན་༡༩་སྤྱི་ཚོགས་དང་ལས་ཀ་གོ་སྒྲིག་སོགས་ལ་འབྲེལ་བ་འདུག ཐེ་ཝན་དང་ཧོང་ཀོང་གཉིས་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས་ཞིས་ཅིན་ཕིང་གིས་ཐེ་ཝན་གྱི་བཟོ་ཚོང་ལས་ཁང་ཁག་ལ་དཔྱ་ཁྲལ་བཅགས་ནས་རྒྱ་ནག་སྐམ་ས་ཆེན་མོའི་བཟོ་ཚོང་ལས་ཁང་ཁག་དང་འདྲ་མཉམ་གྱི་ཐོབ་ཐང་སྤྲོད་པ་དང་། ཐེ་ཝན་གྱི་དཔལ་འབྱོར་དང་ཚོང་ལས་རྣམས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ཁོངས་སུ་ངོ་བོ་གཅིག་ལ་འགྱུར་དུ་འཇུག་ཐབས་བྱེད་ཀྱི་ཡོད་པ་མ་ཟད། ཕྱི་ལོ་༢༠༥༠་ཡས་མས་སུ་རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་འགྱུར་དུ་འཇུག་རྒྱུ་དང་། རྒྱ་ནག་སྐམ་ས་ཆེན་མོའི་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཐེ་ཝན་མི་དམངས་ཀྱི་འཚོ་བའི་གནས་སྟངས་ལས་ཡག་ཏུ་བཏང་ན་ཐེ་ཝན་མི་དམངས་རྣམས་རང་བཞིན་གྱིས་རྒྱ་ནག་གི་ཁོངས་སུ་འདུ་ཐུབ། དེང་སྐབས་རྒྱ་ནག་གཞུང་གིས་ཐེ་ཝན་ལྷོ་ཕྱོགས་ཀྱི་རང་བཙན་ཤོག་ཁག་གི་ཚོགས་མི་རྣམས་དང་སྲིད་འཛིན་ཚེ་དབྱིན་ཝེན་གྱི་རྒྱབ་སྐྱོར་པ་ཚོར་འབྲེལ་བ་ཡག་ཏུ་བཏང་སྟེ་སྤྱི་ཚོགས་དང་རིག་གཞུང་གི་འབྲེལ་བ་རྒྱ་སྐྱེད་གཏོང་གི་འདུག་ཅེས་བཤད་ཡོད་པ་རེད། རྒྱ་ནག་གི་མཐོ་རིམ་དམག་དོན་མི་སྣ་ཚོས་ཀྱང་ཐེ་ཝན་གྱི་གནད་དོན་ཞི་བའི་སྒོ་ནས་ཐག་གཅོད་བྱ་ཐུབ་པའི་རེ་བ་ཡོད། ཡིན་ནའང་ཐེ་ཝན་གྱི་གནད་དོན་དུས་ཚོད་ངེས་མེད་བར་དུ་ནར་འགྱངས་གཏོང་ཐུབ་པ་ཞིག་མིན། མཚོ་འགག་ཕྱོགས་གཉིས་གཅིག་གྱུར་གྱི་ལས་དོན་མྱུར་དུ་འགྲུབ་དགོས་ཞེས་གླེང་སློང་བྱེད་ཀྱི་ཡོད་པ་དང་། སྲིད་འཛིན་ཞིས་ཅིན་ཕིང་གིས་མི་ཚེ་ཧྲིལ་བོར་སྲིད་དབང་བཟུང་ན་ཐེ་ཝན་ལ་གནོན་ཤུགས་ཆེ་རུ་འགྲོ་རྒྱུ་གསལ་བོ་ཡིན། ཐེ་ཝན་གྱི་སྲིད་དོན་ཉམས་ཞིབ་པ་ཚོས་ཀྱང་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་འོག་ཏུ་ཐེ་ཝན་ལ་འཕག་ཚག་རྒྱག་སའི་ཁོར་ཡུག་ཆེན་པོ་ཞིག་མེད་ཅིང་། ནམ་ཞིག་ཐེ་ཝན་གྱི་མིན་ཅིན་ཏང་དང་སྲིད་འཛིན་ཚེ་དབྱིན་ཝེན་གྱི་སྲིད་གཞུང་ལའང་རྒྱ་ནག་གི་ཤུགས་རྐྱེན་ཐེབས་ནས་ཐེ་ཝན་གྱི་རང་བཙན་ཤོག་ཁག་དང་ཐེ་ཝན་མི་དམངས་རྣམས་རྒྱ་ནག་གི་གཡོ་འོག་ཏུ་ཚུད་རྒྱུའི་ཉེན་ཀ་འདུག་ཅེས་བཤད་ཡོད་པ་རེད།།

XS
SM
MD
LG