ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༡/༠༢

ཨ་རིའི་སྲིད་འཛིན་དམ་པ་ཇཱི་མཱི་ཁར་ཊར་གྱི་མི་ཚེ་དང་བྱས་རྗེས།


སྲིད་འཛིན་ཟུར་པ་ཇཱི་མཱི་ཁར་ཊར།
སྲིད་འཛིན་ཟུར་པ་ཇཱི་མཱི་ཁར་ཊར།

༄༅།། ཨ་རིའི་སྲིད་འཛིན་༣༩་པ་ཇཱི་མཱི་ཁ་ཊར་ནི་༡༩༢༤་ལོར་སྐྱེས་ཤིང་། ཁ་སང་གཟའ་ཉི་མའི་ཉིན་ལོ་༡༠༠་ཐམ་པའི་ཐོག་ཏུ་གྲོངས། ཇཱི་མཱི་ཁར་ཊར་གྱིས་ལོ་༤་ལ་སྲིད་དབང་བཟུང་བའི་རིང་དེར་ལམ་ལྷོངས་དེ་ཙམ་བྱུང་མེད་ཀྱང་འདས་པའི་ལོ་༤༠་ལྷག་ལ་འཛམ་གླིང་ཡུལ་གྲུ་གང་སར་ཕན་བདེ་བསྒྲུབས་ནས་བྱས་རྗེས་བཞག ཕྱི་ཟླ་༡༢་པའི་ཚེས་༢༩་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༡༩༨༠་ལོར་ཇཱི་མཱི་ཁ་ཊར་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་མ་བྱུང་། ༡༩༨༡་ལོར་སྲིད་འཛིན་ནས་འཕོ་འགྱུར་འགྲོ་བའི་སྐབས་སུ་ཁོ་པར་ཨ་རིའི་ཉེ་རབས་ལོ་རྒྱུས་ནང་དུ་བྱུང་མྱོང་མེད་པའི་ངན་གྲགས་རྒྱས། ཁོང་ནི་ཨ་རིའི་སྲིད་འཛིན་དང་པོ་འཇོར་ཇཱི་ཝ་ཤིང་ཊོན་དང་སྲིད་འཛིན་གསུམ་པ་ཐོ་མ་སི་ཇཱེ་ཧྥར་སན། ལིན་ཀིན་དང་རུ་སི་ཝེལ་ཊི་སོགས་རླབས་ཆེན་གྱི་སྲིད་འཛིན་ཁག་གི་གྲས་སུ་མི་ཚུད་ཀྱང་ཇཱི་མཱི་ཁ་ཊར་ལ་ལོ་རྒྱུས་ཀྱི་གདེང་འཇོག་ཡག་པོ་ཐོབ་འདུག དེང་སྐབས་ཨ་རི་བ་ཕལ་ཆེ་བས་ཇཱི་མཱི་ཁར་ཊར་ནི་གཞན་ཕན་ལྷག་བསམ་ཅན་གྱི་སྲིད་འཛིན་ཟུར་པ་ཞིག་རེད་ཟེར།།

ཇཱི་མཱི་ཁར་ཊར་གྱིས་༡༩༧༧་ནས་༨༠་བར་དུ་སྲིད་དབང་བཟུང་། དུས་སྐབས་དེ་ནི་སྲིད་འཛིན་ནིག་སིན་གྱིས་ཁྲིམས་འགལ་བྱས་ནས་རྫུན་བཤད། ནིག་སིན་སྲིད་འཛིན་གྱི་ལས་གནས་ནས་དགོངས་པ་ཞུས་ཏེ་རྗེས་འཛིན་པ་ཧྥོར་ཌིས་ནིག་སིན་ཉེས་ཡངས་བཏང་སྟེ་ཨ་རི་བ་རྣམས་སྲིད་གཞུང་ལ་ཡིད་ཆེས་བརླགས། མི་དམངས་རྣམས་ཝ་ཤིང་ཊོན་གྱི་དབང་འཛིན་པ་ཚོར་ཞེན་པ་ལོག་ཡོད་པས་༡༩༧༦་ལོའི་སྲིད་འཛིན་འོས་བསྡུའི་སྐབས་སུ་ཇཱི་མཱི་ཁར་ཊར་ལ་རྒྱལ་ཁ་ཐོབ། ཡིན་ནའང་ཁར་ཊར་གྱིས་སྲིད་དབང་བཟུང་བའི་རིང་དེར་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ནས་རྡོ་སྣུམ་ཆད། ཨ་རིའི་རྒྱལ་ཡོངས་སུ་ཡུལ་ཐང་འཕར་ཏེ་མང་ཚོགས་འུ་ཐུག་གི་གནས་སུ་ལྷུང་། ད་དུང་ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ཏེ་ཨ་རིའི་གཞུང་ཚབ་ཁང་ལ་དཔུང་འཇུག་བྱས་ནས་ཨ་རི་བ་༥༢་ཉི་མ་༤༤༤་ལ་གཏའ་མར་ཉར། སྲིད་འཛིན་ཁར་ཊར་གྱིས་ཨ་རི་བ་དེ་རྣམས་སྐྱོབ་ཏུ་བཏང་བའི་དམག་གི་ཐད་འཕུར་གནམ་གྲུ་གཉིས་གདོང་ཐུག་བརྒྱབ་སྟེ་དམག་མི་༨་ལ་སྲོག་སྐྱོན་ཕོག

ཁར་ཊར་དང་སྲིད་འཛིན་གཞོན་པ་ཝོལ་ཊར་མན་ཌེལ།
ཁར་ཊར་དང་སྲིད་འཛིན་གཞོན་པ་ཝོལ་ཊར་མན་ཌེལ།

ཨི་རན་གྱིས་ཇཱི་མཱི་ཁར་ཊར་འཕོ་འགྱུར་ཕྱིན་ཏེ་སྲིད་འཛིན་གསར་པ་རེ་གྷན་གྱིས་ལས་ཁུར་དམ་བཅའ་བཞག་ནས་སྐར་མ་འགའ་ཞིག་གི་རྗེས་སུ་ཨ་རི་བ་མི་གཏའ་རྣམས་གློད། ཨི་རན་ལ་ཁ་ཆེའི་གསར་བརྗེ་ལངས་ནས་ཝ་ཤིང་ཊོན་དང་ཐེ་རན་གྱི་འབྲེལ་བ་ཆད། ཇཱི་མཱི་ཁར་ཊར་ནས་ཨི་རན་གྱི་ཆོས་སྲིད་གཉིས་ཀྱི་འགོ་ཁྲིད་ཨ་ཡ་ཏོ་ལ་ར་ཧུལ་ཧོ་མེ་ཎི་ལ་ཨ་རི་བ་དེ་ཚོར་རྨས་སྐྱོན་འཕོག་ན་ཨ་མི་རི་ཀས་མཚོ་ལམ་བཀག་སྟེ་ཨི་རན་མཐའ་བསྐོར་རྒྱུ་ཡིན། ཨ་རི་བ་དེ་ཚོར་སྲོག་སྐྱོན་བྱུང་ན་ཨ་མི་རི་ཀས་ཨི་རན་ལ་དམག་རྒྱག་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས། དེ་བཞིན་༡༩༧༩་ལོར་ཨུ་རུ་སུའི་དམར་དམག་གིས་ཨབ་གྷ་ཎི་སི་ཐན་ལ་བཙན་འཛུལ་དམག་འཁྲུག་བསླངས། ཨ་མི་རི་ཀས་དེ་ལ་ངོ་རྒོལ་བྱས་ནས་༡༩༨༠་ལོར་མོ་སི་ཀོར་ཚོགས་པའི་རྒྱལ་སྤྱིའི་ཨོམ་ཕིཀ་རྩེད་འགྲན་ལ་ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་མ་ཞུགས། ༡༩༨༤་ལོར་ཨུ་རུ་སུ་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ཨ་རིའི་ལོ་སི་ཨན་ཇཱི་ལི་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་ལ་མཉམ་ཞུགས་མ་བྱས་པར་ལན་པ་བསློགས།།

ཨི་རན་གྱིས་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་མི་གཏར་ཉར།
ཨི་རན་གྱིས་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་པ་མི་གཏར་ཉར།

ཕྱི་ཟླ་༡༢་པའི་ཚེས་༢༩་ཉིན་ཕྱི་འབྲེལ་ཉམས་ཞིབ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཟུར་པ་ཇཱི་མཱི་ཁར་ཊར་གྱི་ཕྱི་སྲིད་གྲུབ་འབྲས་ཆེ་ཤོས་ནི་༡༩༧༨་ལོར་ཨི་ཇེབ་ཀྱི་སྲིད་འཛིན་ཨན་ཝར་ས་ད་ཏ་(Anwar Sadat)་དང་ཨི་སི་རལ་གྱི་སྲིད་བློན་མེ་ན་ཁམ་བྷེ་གྷིན་(Menachem Begin)་གཉིས་ལ་བར་འདུམ་བྱས་ནས་ཞི་བའི་གྲོས་མོལ་ཚུགས། སྲིད་འཛིན་ཁར་ཊར་དང་སྲིད་བློན་བྷེ་གྷིན། སྲིད་འཛིན་ས་ད་ཏ་གསུམ་ཁེམྤ་ཌེ་ཝི་ཌི་སྤྲོ་ཚལ་དུ་ཉིན་༡༣་ལ་འཛོམས་ནས་ཁེམྤ་ཌེ་ཝི་ཌི་ཞི་བའི་ཆིངས་ཡིག་ལ་མིང་རྟགས་བཀོད། ཞི་བའི་ཆིངས་ཡིག་དེ་མ་བཞག་གོང་དུ་ཨི་ཇེབ་ཀྱིས་འགོ་ཁྲིད་ནས་ཨ་རབ་རྒྱལ་ཁབ་ཁག་གིས་ཨི་སི་རལ་དམག་འཁྲུག་ཐེངས་༤་བརྒྱབ། ད་ལྟ་ཨི་ཇེབ་དང་ཨི་སི་རལ་གཉིས་ཀྱིས་ཞི་བའི་ཆིངས་ཡིག་དེ་བཞག་ནས་ལོ་༤༦་འགོར་ཡང་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་དམག་འཁྲུག་མེད་པ། ཨི་ཇེབ་ནི་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མོལ་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་གྲས་སུ་གྱུར།།

ཁར་ཊར་གྱིས་བར་འདུམ་བྱས་པའི་ཨི་ཇེབ་དང་ཨི་སི་རལ་གྱི་ཞི་བའི་གྲོས་མཐུན་བཞག་པའི་མཛད་སྒོ།
ཁར་ཊར་གྱིས་བར་འདུམ་བྱས་པའི་ཨི་ཇེབ་དང་ཨི་སི་རལ་གྱི་ཞི་བའི་གྲོས་མཐུན་བཞག་པའི་མཛད་སྒོ།

༡༩༧༩་ལོའི་ཕྱི་ཟླ་དང་པོའི་ཚེས་༡་ཉིན་ཨ་མི་རི་ཀས་རྒྱ་ནག་ལ་དངོས་སུ་ཕྱི་འབྲེལ་བཙུགས་ནས་ཐེ་ཝན་ལ་འབྲེལ་བ་བཅད། ཇཱི་མཱི་ཁར་ཊར་དང་ཏིན་ཞའོ་ཕིང་གཉིས་ཀྱིས་ཕོ་བྲང་དཀར་པོར་ཨ་རྒྱ་གཉིས་ཀྱིས་གཞུང་ཚབ་ཁང་སྒོ་འབྱེད་བྱས་ནས་ཕན་ཚུན་གཞུང་ཚབ་པ་བསྐོ་རེས་བྱ་དགོས། ཨ་མི་རི་ཀས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་དང་རྒྱ་ནག་གཅིག་གི་ཁོངས་སུ་ཐེ་ཝན་འདུ་དགོས། ཨ་མི་རི་ཀས་ཐེ་ཝན་ལ་རྒྱལ་སྲུང་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ཡོད་པ་རྩིས་མེད་གཏང་རྒྱུའི་ཁས་བླངས། དེ་ནས་བཟུང་སྟེ་ཨ་མི་རི་ཀས་ཐེ་ཝན་ལ་གཞུང་འབྲེལ་མ་ཡིན་པའི་འབྲེལ་བ་བཙུགས། ཨ་རིའི་གྲོས་ཚོགས་ཀྱིས་ཨ་མི་རི་ཀས་ཐེ་ཝན་ལ་རང་སྲུང་མཚོན་ཆ་བཙོང་དགོས། རྒྱ་ནག་གིས་ཐེ་ཝན་ལ་དམག་བརྒྱབ་ནས་བཙན་འཛུལ་བྱས་ཚེ། ཨ་མི་རི་ཀས་དམག་བཏང་ནས་དེ་ལ་བར་འགོག་བྱ་དགོས། མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་དགོས་ཞེས་ཐེ་ཝན་ལག་བསྟར་ཁྲིམས་ཡིག་གཏན་དུ་ཕབ།།

ཁར་ཊར་དང་ཏིན་ཞའོ་ཕིང་།
ཁར་ཊར་དང་ཏིན་ཞའོ་ཕིང་།

ཇཱི་མཱི་ཁར་ཊར་གྱིས་དབུས་ཨ་མི་རི་ཀ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་འབྲེལ་བ་ཡག་ཏུ་གཏོང་བར་༡༩༧༧་ལོར་པ་ན་མ་ཆུ་ཡུར་མཚོ་ལམ་གྱི་བདག་དབང་པ་ན་མ་རྒྱལ་ཁབ་ལ་ཕྱིར་སློག་བྱ་རྒྱུའི་ཆིངས་ཡིག་བཞག ༡༩༠༣་ནས་ཨ་རིའི་དམག་གིས་པ་ན་མ་ཆུ་ཡུར་མཚོ་ལམ་ལ་སྟངས་འཛིན་བྱས་ནས་དབུས་ཨ་མི་རི་ཀ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁག་ལ་འབྲེལ་བ་སྡུག་ཏུ་སོང་། ལོ་རབས་༧༠་བའི་མཇུག་ཏུ་པ་ན་མའི་ནང་དུ་ཨ་རིའི་དམག་ལ་འཇབ་རྒོལ་བྱ་རྒྱུའི་གྲབས་བཤམས། དེར་བརྟེན་ཨ་མི་རི་ཀའི་དམག་གིས་པ་ན་མ་ཆུ་ཡུར་མཚོ་ལམ་གྱི་བདག་དབང་ཕྱིར་སློག་བྱས་ནས་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་ཆིངས་ཡིག་དེར་ཆོག་མཆན་བཀོད། ཨ་རིའི་དམག་གིས་པ་ན་མ་ཆུ་ཡུར་མཚོ་ལམ་གྱི་བདག་དབང་རྩིས་སྤྲོད་བྱས་ནས་ཕྱིར་འཐེན་བྱས་པར་སྤྱི་མཐུན་ཚོགས་པའི་རྒྱབ་སྐྱོར་བ་ཚོ་མ་དགའ་བར་ཇཱི་མཱི་ཁར་ཊར་ལ་ངོ་རྒོལ་བྱས་མོད། འོན་ཀྱང་ཁར་ཊར་གྱིས་ང་ཚོས་དྲང་པོ་བྱ་དགོས། བཙན་དྲག་བཀོལ་མི་རུང་ཞེས་ལན་བཏབ།།

ཁར་ཊར་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།
ཁར་ཊར་ལ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ།

༡༩༨༢་ལོར་སྲིད་འཛིན་ཟུར་པ་ཇཱི་མཱི་ཁར་ཊར་གྱིས་ཨེ་ཊི་ལན་ཊ་གྲོང་ཁྱེར་དུ་ཁར་ཊར་ལྟེ་གནས་ཁང་བཙུགས་ཏེ་སྤྱི་ཚོགས་ཕན་བདེའི་སྲི་ཞུ་བསྒྲུབ་རྒྱུ་འགོ་བརྩམས། ཁར་ཊར་སྟངས་དཔྱལ་གཉིས་རྒྱལ་ཁབ་༨༠་ལྷག་ལ་བསྐྱོད་ནས་ཁང་པ་༤༣༠༠་བརྩིགས། ཨ་ཧྥི་རི་ཀ་སོགས་དབུལ་ཕོངས་རྒྱལ་ཁབ་ཁག་ཏུ་སྨན་སྦྱིན་བཏང་སྟེ་ནད་རིགས་ཁག་ཅིག་རྩ་མེད་བཏང་བར་མ་ཟད། འཛམ་གླིང་ཡུལ་གྲུ་ཁག་གི་འོས་བསྡུ་ཁག་རྟོག་ཞིབ་དང་། ༢༠༡༥་ལོའི་མཚམས་སུ་ཇཱི་མཱི་ཁར་ཊར རྒྱལ་ཁབ་ཁག་གི་འོས་བསྡུ་དེ་རྣམས་དྲང་སྙོམས་ཤིག་ཡོང་གི་ཡོད་མེད་རྟོག་ཞིབ་བྱེད་དུ་ཐེངས་༡༠༠་ལྷག་ཕྱིན་ཡོད་ཅིང་། ད་དུང་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་མིལ་སུང་དང་ཀུ་པའི་སྲིད་དབང་སྒེར་གཅོད་པ་ཧྥི་ཌལ་ཁེ་སི་ཊི་རོ། པ་ལི་སི་ཐན་གྱི་འགོ་ཁྲིད་ཡ་ས་ཨ་ར་ཧྥ་ཐེ་སོགས་ཨ་རིའི་གཞུང་གི་འགོ་ཁྲིད་ཚོས་ཐུག་འཕྲད་བྱ་རྒྱུ་སྟབས་བདེ་མེད་པ་ཚོར་ཇཱི་མཱི་ཁར་ཊར་གྱིས་ཐུག་འཕྲད་ནས་ཞི་བདེ་སྐྲུན་ཐབས་སུ་འབད། ༢༠༠༢་ལོར་ཇཱི་མཱི་ཁར་ཊར་གྱི་གཞན་ཕན་བྱས་རྗེས་ལ་ངོས་འཛིན་བྱས་ནས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲད།།

ཁར་ཊར་གྱིས་བལ་པོའི་འོས་བསྡུར་རྟོག་ཞིབ།
ཁར་ཊར་གྱིས་བལ་པོའི་འོས་བསྡུར་རྟོག་ཞིབ།

ཕྱི་ཟླ་༡༢་པའི་ཚེས་༢༩་ཉིན་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། ཇཱི་མཱི་ཁར་ཊར་ནས་སྲིད་འཛིན་གྱི་ལས་ཁུར་བཞེས་པའི་རིང་དང་དེའི་རྗེས་སུ་ལོ་བཅུ་ཕྲག་མང་པོར་འགྲོ་བ་མིའི་ཐོབ་ཐང་གི་ལས་འགུལ་སྤེལ་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་སོན་ཡོད། དམ་པ་དེ་སྐུ་ཚེ་མ་ཟིན་པ་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་མེད་པར་གྱུར་པ་རེད། ཁར་ཊར་གྱིས་འཇིག་རྟེན་ཀུན་ཁྱབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་གོང་མཐོར་གཏང་རྒྱུ་གཙིགས་སུ་འཛིན་པའི་ཕྱི་སྲིད་ཅིག་ལག་ལེན་བསྟར་ཏེ་དམངས་གཙོ་དང་རང་དབང་དར་སྤེལ། མི་མང་དབུལ་ཕོངས་ཚོར་གནས་ཁང་དང་ལུས་པོ་བདེ་ཐང་དགོས་པ་ནི་འགྲོ་བ་མིའི་ཐོབ་ཐང་གི་རྩ་དོན་ཞིག་ཏུ་བརྩིས། ༡༩༤༨་ལོར་གཏན་འབེབས་བྱུང་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་རྩ་དོན་རྣམས་ཇཱི་མཱི་ཁར་ཊར་གྱིས་ལག་ལེན་བསྟར་ནས་རང་དབང་དང་དྲང་བདེན། ཞི་བདེ་རྣམས་དར་སྤེལ་བཏང་བ་རེད་ཅེས་བསྔགས་བརྗོད་བྱས་འདུག

གླེང་སྟེགས།

XS
SM
MD
LG