བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་ཐེངས་ ༡༧ པ་དེ་ཕྱི་ཟླ་༧ ཚེས་༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས་གཙོ་བཞུགས་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་ས་གནས་འགོ་འཛིན་ཚོགས་ཁང་དུ་ཚོགས་གནང་ཡོད་པའི་སྐོར་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་གནང་བ་འདིར་གསལ།
ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་རྒྱུ་དང་། སྲིད་སྐྱོང་མཆོག་གིས་ཨ་རིའི་མང་གཙོ་ཐེབས་རྩ་ཁང་གི་གཟེངས་རྟགས་བཞེས་རྗེས་ཕྱིར་བཞུགས་སྒར་དུ་ཕེབས་པ། ཨ་ཕ་གསེར་གྱི་རྐང་སྤོལ་འགྲན་བསྡུར་འགོ་བཙུགས་གནང་བ་སོགས་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། སྐུ་སྲུང་ཟུར་པའི་མཐུན་གྲོགས་བཅས་ཐུན་མོང་ནས་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པའི་སྐོར་
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་པ་དང་། འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་། སྐུ་སྲུང་ཟུར་པའི་མཐུན་གྲོགས་བཅས་ཐུན་མོང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་ཕྱི་ཟླ་༦ ཚེས་ ༡༡ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྒྲོལ་དཀར་ཡེ་ཤེས་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས།
བཀའ་ཟུར་བཀྲ་ཤིས་དབང་འདུས་ལགས་ཀྱིས་དབྱིན་ཡིག་ཐོག་བརྩམས་གནང་བའི་ཁོང་རང་ཉིད་ཀྱི་སྐུ་ཚེའི་ལོ་རྒྱུས་ ''ངའི་མི་ཚེ། བོད་རང་དབང་ལུང་པར་སྐྱེས། བཙན་བྱོལ་ནང་སྲི་ཞུ་བསྒྲུབས། " ཞེས་པའི་དཔེ་དེབ་ཅིག་རྡ་ས་བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་སྐྲུན་གྱིས་དེ་རིང་ཕྱི་ཟླ་ ༦ ཚེས་ ༧ ཉིན་དཔེ་མཛོད་ཚོགས་ཁང་དུ་དབུ་འབྱེད་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་གངས་ཅན་སྐྱིད་གཤོངས་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་རང་བྱོན་འཕགས་མཆོག་ཝ་ཏི་བཟང་པོའི་རྣམ་ཐར་ཞེས་པའི་བརྗོད་གཞིའི་ཐོག་སྐྱིད་གྲོང་ཇོ་བོའམ། ཇོ་བོ་ཝ་ཏི་བཟང་པོ། དེ་བཞིན་དེ་སྔ་ཇོ་བོའི་བཞུགས་གནས་འཕགས་པ་ལྷ་ཁང་དང་འབྲེལ་བའི་གནའ་རྫས་ ༡༩ ཙམ་བཤམས་སྟོན་གནང་ཡོད།
ཕྱི་ཟླ་༥ ཚེས་༡༧ ཉིན་རྒྱ་གར་ལྷོ་ཕྱོཊ་སྦེལ་ཀོབ་དང་ཧུན་སུར་རབ་རྒྱས་གླིང་ཀོ་ལི་གྷལ་དོན་ལྡན་གླིང་བཅས་ཀྱི་ཚོགས་པ་ཁག་གིས་གོ་སྒྲིག་འོག པཎ་ཆེན་བཅུ་གཅིག་པ་མཆོག་དང་ནང་མི་སྐུ་འཁོར་བྱ་བྲལ་རིན་པོ་ཆེ་བཅས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྒྱ་གཞུང་གིས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་ལས་འགུལ་སྤེལ་ཡོད་པའི་སྐོར་འདིར་གསལ།
འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་༧གོང་ས་མཆོག་གིས་ཕྱི་ལོ་ ༡༩༦༩ ལོར་ཕྱག་བཏབ་པའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དབུ་འབྱེད་མཛད་དེ་མི་ལོ་ ༥༥ འཁོར་བའི་དུས་ཚིགས་དང་བསྟུན། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་འཛུགས་སྐྲུན་གྱི་འཕེལ་རིམ་དང་ལོ་རྒྱུས་གལ་གནད་སོགས་བགྲོ་གླེང་ཞུ་རྒྱུ་ཡིན་པས་དུས་ཐོག་གསན་གཟིགས་གནང་བར་ཞུ།།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་སྲིད་བློན་དམ་པ་ནཱ་རཱ་སིམ་ཧ་མཆོག་གི་རྗེས་དྲན་གཟེངས་རྟགས་ PV Narasimha Rao Memorial Award ཞེས་པ་དེ་སྲིད་བློན་དམ་པའི་རྗེས་དྲན་ཐེབས་རྩའི་སྐུ་ཚབ་ཚོགས་ཆུང་གིས་ཕྱི་ཟླ་ ༥ ཚེས་ ༨ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་འབུལ་ལམ་ཞུས་གནང་ཡོད་པ་རེད།
བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཆེད་རྒྱ་བལ་འབྲུག་གསུམ་ནས་བོད་སྐད་ཡིག་དགེ་རྒན་དང་། ཡིག་བསྒྱུར་བ། དམིགས་བསལ་བོད་སྐད་དོན་གཉེར་བ་སོགས་ཚོགས་བཅར་བ་ཉི་ཤུ་རྩ་བཞི་ལྷན་འཛོམས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་འཕེལ་སྐོར་བགྲོ་གླེང་ཞེས་ཚོགས་འདུ་ཞིག་ཕྱི་ཟླ་ ༥ ཚེས་ ༢ ནས་དབུ་འཛུགས་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཧྥ་རན་སིའི་སྲིད་འཛིན་དང་མཇལ་འཕྲད་གནང་ཡོད་པ་དེ་བཞིན་བོད་མིའི་རྩ་དོན་འཐབ་རྩོད་ཐད་ལ་ཁྱད་པར་ཆེན་པོ་ཞིག་དང་། དམིགས་བསལ་རྒྱ་ནག་གཞུང་ལ་བརྡ་ལན་ངེས་ཅན་ཞིག་འགྲོ་རྒྱུ་ཡིན་པ་སོགས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་བརྗོད་ཡོད།
དཔེ་ཀློག་ལེ་ཚན་ནང་ཨཱཙཱ་རྱ་བསྟན་འཛིན་བསྟན་སྐྱོང་ལགས་དང་འབུམ་རམས་པ་བློ་བཟང་བསྟན་པ་ལགས་རྣམ་གཉིས་ཀྱིས་བོད་བསྒྱུར་གནང་བའི་དཔེ་དེབ། བོད་ཡིག་དེབ་ཐེར་ཁག་ཏུ་གསལ་བའི་གནའ་བོའི་མོན་ཡུལ་གྱི་ལོ་རྒྱུས་དང་། བོད་མོན་འབྲུག་གསུམ་གྱི་འབྲེལ་བར་དཔྱད་པ་ཞེས་པའི་དེབ་དེའི་ནང་དོན་དང་འབྲེལ་བའི་སྐོར་ལ་གླེང་མོལ་ཞུས་པ་ཡིན།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༤ ཚེས་༢༥ ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༡ པ་མཆོག་དགུང་གྲངས་ ༣༥ ཕེབས་པའི་སྐུའི་འཁྲུངས་སྐར་ཐོག་གི་སྐུ་མགྲོན་ཨེ་སི་ཐོ་ནི་ཡའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་དང་ལྷན་དུ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་མཇལ་མོལ་གནང་ཡོད་པ་རེད།
བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༤ པ་དེ་བཞིན་ཉིན་གྲངས་དྲུག་རིང་འཚོགས་གནང་སྟེ། ཕྱི་ཟླ ༤ ཚེས་ ༢༤ ཚོགས་འདུ་ཉིན་མཐའ་མའི་ཐོག་སྐབས་ ༡༤ པའི་རྒྱུན་ལས་གསར་འདེམས་ཐོག་ནས། དེ་སྔའི་ཚོགས་གཞོན་ཚེ་རིང་སྒྲོལ་མ་ལགས་སྐབས་འདིའི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སོག་པོའི་བླ་མའི་དགེ་རྒན་གྱི་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གིས་གསོལ་འདེབས་ཞུས་པའི་དགེ་ལྡན་སྙན་བརྒྱུད་མན་ངག་ལས་བྱུང་བའི་བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཆོས་འབྲེལ་དེ་བཞིན་ཕྱི་ཟླ་ ༤ ཚེས་ ༢༠ ཉིན་བཞུགས་སྒར་དུ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཇུག་སྒྲིལ་གནང་ཡོད།
བོད་ཀྱི་ལོ་རྒྱུས་སློབ་དཔོན་གསུམ་གྱིས་རྩོམ་སྒྲིག་གནང་བའི་བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཕྱག་དེབ་ཅིག་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་དང་དཔེ་སྐྲུན་གྱིས་ཕྱི་ཟླ་༤ཚེས་༡༨ ཉིན་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དབུ་བཞུགས་ཐོག་སྲིད་བྱུས་ཉམས་ཞིབ་ཁང་དུ་དབུ་འབྱེད་གནང་སོང་།
བོད་ཀྱི་ཟློས་གར་ཚོགས་པས་གོ་སྒྲིག་འོག་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༧ དེ་བཞིན་བོད་ཀྱི་ཟློས་གར་དུ་རྒྱ་གར་གྱིས་གཙོས། བལ་ཡུལ། ཨ་རི་བཅས་ནས་ལྷ་མོ་ཚོགས་པ་ཁག་ ༡༣ མཉམ་ཞུགས་ཀྱིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༡༠ ཉིན་དངོས་སུ་དབུ་འཛུགས་གནང་སོང་། ལྷ་མོ་ཚོགས་པ་ཁག་གིས་ཚེས་༢༢ བར་ལྷ་གཞུང་ཁག་གཟིགས་འབུལ་གནང་རྒྱུ་ཡིན་པ་རེད་འདུག
༸གོང་ས་མཆོག་དབུ་བཞུགས་ཐོག་ཧ་ཝར་ཊི་གཙུག་ལག་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་གཙོ་བོར་གྱུར་བའི་འབྲེལ་ཡོད་དགེ་ལས་དང་། སློབ་ཕྲུག དེ་བཞིན་བོད་པའི་དགེ་བཤེས་ཁག་ཅིག་བཅས་ཀྱིས་ཆེད་དུ་གོ་སྒྲིག་གནང་བའི་འགོ་ཁྲིད་དང་བདེ་སྐྱིད་འཚོལ་ཞིབ་ཀྱི་ཉིན་གྲངས་གཉིས་ཀྱི་ཚོགས་འདུ་དེ་ཕྱི་ཚེས་ ༩ ཉིན་མཇུག་སྒྲིལ་གནང་ཡོད་པ་རེད།
དཔལ་ཞྭ་ལུ་དགོན་གྱི་བླ་སྤྲུལ་དགེ་བཤེས་དང་བསྙེན་མཚམས་པས་གཙོས་པའི་སྐྱ་སེར་ཉིས་བརྒྱ་ལྷག་༧གོང་ས་མཆོག་གི་མཇལ་ཁར་བཅར་ཏེ་མགོན་པོ་གང་ཉིད་ཀྱི་སྐུ་ཚེའི་ཞབས་བརྟན་ཆེད་ཞྭ་ལུ་དགོན་གྱི་ཐུན་མོང་མ་ཡིན་པའི་ཕྱག་སྲོལ་དུས་འཁོར་གྱི་ཐུགས་བསྐྱེད་བསྙེན་མཚམས་ཀྱིས་དུས་འཁོར་གྱི་སྔགས་བྱེ་བ་གཉིས་ལྷག་གསོག་སྒྲུབ་གྲུབ་པ་སྙན་སེང་ཞུས།
༧གོང་ས་མཆོག་ལ་སྟོད་པ་གཞིས་བྱེས་མི་མང་དང་སྤུ་ཧྲེང་མི་མང་ཐུན་མོང་གིས་དེ་རིང་ཕྱི་ཟླ་ ༤ ཚེས་ ༣ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་རྡོ་རྗེ་སློབ་དཔོན་མཛད་དེ་སྒྲོལ་དཀར་ཚེ་སྦྱིན་ཡེ་ཤེས་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
མང་སྣོན།