བྷངྒ་ལ་དྷེཤའི་ངོ་རྒོལ་དྲག་ཟིང་ནང་མང་པོར་སྲོག་སྐྱོན་དང་བརྒྱ་ཕྲག་ཁ་ཤས་ལ་རྨས་སྐྱོན།

རེས་གཟའ་ཉི་མའི་ཉིན་བྷངྒ་ལ་དྷེཤ་ནང་གསར་དུ་དྲག་ཟིང་གི་དོན་རྐྱེན་བྱུང་བའི་ནང་མི་༧༦ལ་སྲོག་སྐྱོན་བྱུང་འདུག

བྷངྒ་ལ་དྷེཤའི་གཞུང་འབྲེལ་མི་སྣ་དང་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་ཐོན་པར་གཞིགས་ན་ཡུལ་དེའི་ནང་གཞུང་ལ་ངོ་རྒོལ་བྱེད་མཁན་སློབ་ཕྲུག་དང་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན། ཉེན་རྟོག་པ་བཅས་ཀྱི་དབར་གསར་དུ་དྲག་ཟིང་གི་དོན་རྐྱེན་བྱུང་བའི་ནང་མི་མང་པོར་སྲོག་སྐྱོན་དང་བརྒྱ་ཕྲག་མང་པོར་རྨས་སྐྱོན་བྱུང་འདུག

དེ་ཡང་བྷི་བྷི་སིས་གནས་ཚུལ་སྤེལ་བའི་ནང་རེས་གཟའ་ཉི་མའི་ཉིན་བྷངྒ་ལ་དྷེཤ་ནང་གསར་དུ་དྲག་ཟིང་གི་དོན་རྐྱེན་བྱུང་བའི་ནང་མི་༧༦ལ་སྲོག་སྐྱོན་བྱུང་འདུག་ཅེས་གནས་ཚུལ་སྤེལ་འདུག ཡང་རྒྱ་གར་གྱི་གསར་ཤོག་ཁག་གིས་འགྲེལ་བརྗོད་བྱས་པའི་ནང་རེས་གཟའ་ཉི་མའི་ཉིན་བྷངྒ་ལ་དྷེཤ་ནང་དྲག་ཟིང་བྱུང་བའི་ནང་མི་གྲངས་༩༡ལ་སྲོག་སྐྱོན་བྱུང་འདུག་ཅེས་བཤད་འདུག

བྷངྒ་ལ་དྷེཤ་ནང་ཟླ་བ་སྔོན་མར་སློབ་ཕྲུག་ཚོས་གཞུང་ལ་ལས་ཀའི་ཐོབ་ཐང་སྤྲོད་ཕྱོགས་ཀྱི་ལམ་ལུགས་དེ་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་ནས་གཞུང་ལ་ངོ་རྒོལ་འགོ་འཛུགས་བྱས་པའི་དོན་རྐྱེན་ནང་ཁྱོན་བསྡོམས་མི་གྲངས་༢༠༠ལྷག་ལ་སྲོག་སྐྱོན་བྱུང་འདུག་ཅིང་། ངོ་རྒོལ་བྱེད་མཁན་ཚོས་སྲིད་བློན་ལྕམ་ཤེག་ཧཱ་སི་ནཱ་ལས་གནས་ནས་དགོངས་ཞུ་བྱེད་དགོས་པའི་དགོས་འདུན་བཏོན་འདུག་ཀྱང་། གཞུང་འབྲེལ་མཐོ་རིམ་དཔོན་རིགས་ཚོས་དེའི་ལན་དུ་རྒྱལ་ཡོངས་ནང་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་རྣམས་སྒོ་བརྒྱབས་པ་དང་འཕྲིན་གཏོང་འབྲེལ་མཐུད་ཀྱི་མཐུན་རྐྱེན་རྣམས་བཀག་འགོག་བྱས་པ་མ་ཟད། འགྲོ་འོང་བཀག་རྒྱ་བཏང་ནས་ཕར་འགྲོ་ཚུར་འོང་བྱེད་མི་ཆོག་པའི་དམ་བསྒྲགས་བྱས་འདུག་པ་དང་། འདས་པའི་བདུན་ཕྲག་འགའ་ཤས་ནང་ཁྱོན་མི་གྲངས་༡༡༠༠༠ཙམ་འཛིན་བཟུང་བྱས་འདུག

ངོ་རྒོལ་བྱེད་མཁན་ཚོས་རེས་གཟའ་ཉི་མའི་ཉིན་མང་ཚོགས་ལ་དཔྱ་ཕྲལ་དང་ གློག་རིན། ཆུ་རིན་ལ་སོགས་སྤྲོད་རྒྱུ་མེད་པ་མ་ཟད། ལས་ཀ་བྱེད་དུ་བསྐྱོད་རྒྱུ་མེད་པ་སོགས་ཀྱི་འབོད་སྐུལ་བྱས་འདུག ཡུལ་དེའི་དངུལ་ཁང་དང་ལས་ཁུངས། དེ་བཞིན་བཟོ་ཚོང་ལས་ཁང་རྣམས་རྒྱུན་ལྡན་བཞིན་སྒོ་ཕྱེ་ཡོད་ནའང་། རྒྱལ་ས་ཌཀྐ་དང་གྲོང་ཁྱེར་གཞན་ཁག་ཅིག་གི་ནང་ཀམ་པུར་ཀྲར་བརྒྱུད་ནས་ལས་ཀ་བྱ་རྒྱུར་དཀའ་ངལ་འཕྲད་འདུག ངོ་རྒོལ་བྱེད་མཁན་ཚོས་བྷངྒ་ལ་དྷེཤའི་རྒྱལ་ས་ཌཀྐའི་ནང་ཡོད་པའི་བྷངྒ་བྷན་དྷུ་ཤེག་མུ་ཇིབ་སྨན་པའི་གཙུག་ལག་སློབ་གཉེར་ཁང་དང་ཌཀྐའི་ནང་ཡོད་ཤཱ་བྷག་སྨན་ཁང་བཅས་ས་ཁུལ་ཁག་ཅིག དེ་བཞིན་རླང་འཁོར་ཁ་ཤས་བཅས་མེར་བསྲེགས་བཏང་འདུག

ཡུལ་དེའི་རྒྱལ་ས་ཌཀྐའི་ཨུ་ཊཱ་རཱ་ས་གནས་ཀྱི་ཉེ་འཁྲིས་སུ་ངོ་རྒོལ་བྱེད་མཁན་བརྒྱ་ཕྲག་འགའ་ཤས་ཀྱིས་དེ་ཁུལ་ལམ་ཆེན་བཀག་འགོག་བྱེད་ཐབས་བྱས་སྐབས་ཉེན་རྟོག་པ་ཚོས་མཆི་སྦྱིན་དུག་རླང་བེད་སྤྱོད་བྱས་ཏེ་མང་ཚོགས་ཐོར་བཤིགས་བཏང་འདུག་ཅིང་། གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཕྲག་འགའ་ཤས་ཀྱི་སྡོད་ཁྱིམ་དང་སྤྱི་ཚོགས་བདེ་དོན་ལས་ཁུངས་སོགས་ལ་གཏོར་བཅོམ་བྱས་འདུག་པ་མ་ཟད། འགའ་ཤས་ཀྱིས་ལག་བམ་གཡུགས་པ་དང་མེ་མདའ་བརྒྱབས་པའི་སྐད་སྒྲ་སོགས་གོ་ཐོས་བྱུང་ཞེས་གནས་ཚུལ་དངོས་སུ་མཐོང་མཁན་ཚོས་བཤད་འདུག བྷངྒ་ལ་དྷེཤའི་རྒྱལ་ས་ཌཀྐའི་ཉེ་འཁྲིས་སུ་ཆགས་པའི་མུ་ཤི་གྷན་ཇི་རྫོང་སྡེའི་ནང་ཡོད་པའི་སྨན་ཁང་གི་ལས་བྱེད་ཨ་བྷུ་ཧེ་ནཱས་མི་གཉིས་ལ་རྨས་སྐྱོན་འཚབ་ཆེ་བྱུང་རྗེས་མགྱོགས་པོར་སྨན་ཁང་ལ་སྐྱེལ་རྗེས་རྐྱེན་འདས་སུ་གྱུར་ཡོད་པའི་འགྲེལ་བརྗོད་བྱས་འདུག

བྷང་ལ་དྷེ་ཤིའི་ཇཱ་མུ་ནཱ་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཡུལ་དེའི་བྷོ་གྷུ་རཱ་དང། མ་གྷུ་རཱ། རང་པུར། དེ་བཞིན་སི་རཇ་གྷནྗ་བཅས་རྫོང་༡༡ནང་ཡུལ་དེའི་ཕྱོགས་འགལ་བྷངྒ་ལ་དྷེ་ཤི་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་དང་གཞུང་འཛིན་ཨ་ཝ་མི་མནའ་མཐུན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཚོའི་དབར་དྲག་ཟིང་བྱུང་སྟེ་ཉུང་མཐར་མི་༢༡ལ་སྲོག་སྐྱོན་བྱུང་ཡོད་པའི་འགྲེལ་བརྗོད་བྱས་འདུག

ཉེ་ཆར་ཕྱི་ཟླ་༧པའི་ནང་བྷངྒ་ལ་དྷེཤའི་སློབ་ཕྲུ་ཚོས་དེ་སྔ་ཕྱི་ལོ་༡༩༧༡ལོར་ཡུལ་དེའི་རང་བཙན་ཆེད་འཐབ་རྩོད་བྱེད་མཁན་ཚོའི་རྗེས་ཤུལ་ནང་མི་ཚོར་གཞུང་གི་ལས་ཁུངས་ཁག་གི་ནང་ལས་ཀ་ཐོབ་རྒྱུར་དམིགས་བསལ་ས་མིག་བརྒྱ་ཆ་༣༠ཟུར་འཇོག་གི་ལམ་ལུགས་ཡོད་པ་དེ་མེད་པར་བཟོ་དགོས་པའི་དགོས་འདུན་བཏོན་ཏེ་ངོ་རྒོལ་བྱས་རྗེས་ཡུལ་དེའི་ཆེས་མཐོའི་ཁྲིམས་ཁང་གིས་དམིགས་བསལ་ལས་ཀའི་ས་མིག་ཉུང་དུ་བཏང་སྟེ་བརྒྱ་ཆ་ལྔ་བཟོས་ཡོད་ཀྱང་རིམ་པས་ངོ་རྒོལ་བྱེད་མཁན་སློབ་ཕྲུག་ཚོའི་དགོས་འདུན་ལ་འགྱུར་བ་ཕྱིན་ཏེ་ད་ཆ་ཁོང་ཚོས་ངོ་རྒོལ་དྲག་ཟིང་སྐབས་གཞུང་གིས་དྲག་གནོན་ཤུགས་ཆེ་བྱས་པའི་དོན་རྐྱེན་ལ་ཞིབ་འཇུག་བྱེད་དགོས་པ་མ་ཟད། སྲིད་བློན་ལྕམ་ཤེག་ཧ་སི་ནཱ་ལས་གནས་ནས་དགོངས་ཞུ་བྱེད་དགོས་པའི་དགོས་འདུན་བཏོན་གྱི་ཡོད།

རུའི་ཀྲར་དང་ཨེ་པི་གསར་ཁང་གཉིས་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།