ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

བྷངྒ་ལ་དེཤ་ནང་གཞུང་གི་ལས་ཀའི་ཐོབ་སྐལ་ལམ་ལུགས་ལ་ངོ་རྒོལ།


རེས་གཟའ་ཟླ་བའི་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་
རེས་གཟའ་ཟླ་བའི་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བྷངྒ་ལ་དེཤ་ནང་གཙུག་ལག་སློབ་གྲའི་སློབ་ཕྲུག་ཚོས་དེ་སྔ་༡༩༧༡ ལོར་རང་བཙན་འཐབ་རྩོད་དང་འབྲེལ་བའི་དམག་འཁྲུག་ནང་ཆ་ཤས་ལེན་མཁན་དམག་ཞབས་ཟུར་པ་ཚོའི་ནང་མི་བུ་ཕྲུག་ཚོར་གཞུང་གི་ལས་ཀའི་ནང་བརྒྱ་ཆ་༣༠ཟུར་འཇོག་ཐོབ་སྐལ་གྱི་ལམ་ལུགས་ལ་ངོ་རྒོལ་ལས་འགུལ་བྱས་འདུག་པ་དང་། རེས་གཟའ་མིག་དམར་ཉིན་མུ་མཐུད་ནས་ངོ་རྒོལ་བྱས་འདུག་པ་དེའི་ནང་གཡས་གཡོན་ལམ་གཞུང་དུ་འགྲོ་མཁན་ཐེ་བས་མི་ལྔ་ལ་སྲོག་སྐྱོན་དང་བརྒྱ་ལྷག་ལ་རྨས་སྐྱོན་བྱུང་འདུག

རེས་གཟའ་ཟླ་བའི་མཚན་མོར་སློབ་ཕྲུག་གི་ངོ་རྒོལ་ལས་འགུལ་དེ་གཙུག་ལག་སློབ་གྲྭ་དེ་གཅིག་པོ་མ་ཡིན་པར་རྒྱལ་སའི་ཕྱི་ཕྱོགས་གྲོང་ཁྱེར་ས་ཝར་ནང་ཡོད་ཇ་ཧན་གྷིར་གཙུག་ལག་སློབ་གྲྭ་ཆེན་མོ་དང་། གཙུག་ལག་སློབ་གྲྭ་ཆེ་མོའི་ཁྱབ་ཁོངས་ས་གནས་གཞན་ལའང་ཁྱབ་ནས་ཟིང་ཆ་ཆེ་རུ་སོང་འདུག

ཇ་ཧན་གྷིར་ན་གྷར་གྱི་ངོ་རྒོལ་ལས་འགུལ་ནང་ཟུར་འཇོག་ཐོབ་སྐལ་ལམ་ལུགས་ལ་ངོ་རྒོལ་་བྱེད་མཁན་སློབ་ཕྲུག་དང་། གཞུང་འཛིན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་སློབ་ཕྲུག་རུ་ཁག་གཉིས་དབར་འཁྲུགས་རྫིང་བྱུང་སྐབས་ཉེན་རྟོགས་མི་སྣ་ཚོས་དུག་རླང་བཏང་བ་དང་། དབྱུག་པ་བེད་སྤྱོད་བྱེད་དགོས་བྱུང་འདུག

དེ་ཡང་ངོ་རྒོལ་ནང་ཡོད་མཁན་སློབ་ཕྲུག་ཚོས་བརྗོད་དོན་ལ་ དེ་སྔ་ཕྱི་ལོ་༡༩༧༡ལོར་བྷངྒ་ལ་དེཤའི་རང་བཙན་དོན་དུ་འཐབ་རྩོད་བྱེད་མཁན་ཚོའི་ནང་མི་་བུ་ཕྲུག་ཚོར་གཞུང་གི་ལས་སྣེའི་ནང་བརྒྱ་ཆ་་༣༠་ཙམ་ཞིག་ཟུར་འཇོག་བྱས་ཡོད་པ་དེ་ནི་སློབ་ཕྲུག་ཚོར་ཤེས་ཡོན་གྱི་འོས་བབས་ཐོག་མ་ཡིན་པར་ཐོབ་ཐང་ལ་དབྱེ་འབྱེད་བྱས་པ་ལྟ་བུ་རེད་ཅེས་བརྗོད་ཀྱི་ཡོད་པ་དང་། ཡང་འགའ་ཞིག་གིས་ལམ་ལུགས་དེ་ཡིས་སྲིད་བློན་ཤེཀ་ ཧ་སི་ན་ལ་རྒྱབ་སྐྱོར་བྱེད་མཁན་ཚོར་ཁེ་ཕན་ཆེ་བ་་ཡོང་གི་འདུག་ཅེས་བརྗོད་ཀྱི་ཡོད་པ་དང་། གཞུང་འཛིན་ཚོགས་པའི་བློན་ཆེན་འགའ་ཞིག་གིས་གཞུང་ལ་ངོ་རྒོལ་བྱེད་མཁན་ཚོས་སློབ་ཕྲུག་གི་སེམས་ཚོར་བེད་སྤྱོད་བྱེད་ཀྱི་འདུག་ཞེས་སྐྱོན་བརྗོད་བྱས་འདུག

སྤྱིར་བཏང་བྷངྒ་ལ་དེཤ་ནང་སྒེར་གྱི་་བཟོ་ཚོང་ལས་ཁང་ཁག་གི་ནང་ལས་ཀའི་གོ་སྐབས་མང་དུ་སོང་ཡོད་ནའང་། གཞུང་གི་ལས་ཀ་་ཐོབ་པ་ཡིན་ཚེ་བརྟན་པ་དང་ཡོང་འབབ་ཆེ་བ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། བྷངྒ་ལ་དེཤ་ནང་ལོ་ལྟར་སློབ་ཕྲུག་འབུམ་བཞི་ཙམ་ཐོན་གྱི་ཡོད་པ་དེ་དག་ལ་ལས་ཀའི་ས་མིག་་༣༠༠༠ ལས་ཐོན་གྱི་མེད་པའི་ཆ་ནས་མཐོ་རིམ་སློབ་གྲྭ་ཐོན་ནའང་། ལས་ཀའི་གོ་སྐབས་དཀོན་པོ་ཡོད།

གཞུང་གི་ལས་སྣེ་ཁག་གི་ནང་དབང་པོ་སྐྱོན་ཅན་ཁག་དང་། རིགས་དམན་པ་ཁག་ལ་ཐོབ་སྐལ་བཞག་ཡོད་པ་དེ་ལ་ངོ་རྒོལ་མ་བྱས་པར་སློབ་ཕྲུག་ཚོས་དམག་ཞབས་པའི་ཐོབ་སྐལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་སོགས་འདས་པའི་ཉིན་ཤས་རིང་རྒྱལ་ནང་ཟིང་ཆའི་གནས་སྟངས་ལ་བརྟེན་ནས་རྒྱལ་ནང་གི་སློབ་གྲྭ་ཆེ་ཆུང་ཡོངས་དང་། གཙུག་ལག་སློབ་གྲ་ཆེན་མོ། ཁ་ཆེའི་་ཆོས་རིག་སློབ་གཉེར་ཁང་། ལག་ཤེས་སྦྱོང་བརྡར་ཁང་སོགས་གནས་སྐབས་སྒོ་རྒྱག་དགོས་པའི་བཀའ་ཁྱབ་བཏང་འདུག

ཨེ་པི་དང་བརྒྱུད་ལམ་གཞན་ནས་བཏུས།

གསར་འགོད་པ། ཚེ་བརྟན་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG