ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༢༧

རྒྱ་ནག་དང་བྷངྒ་ལ་དེཤ་གཉིས་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ནན་བརྗོད་བྱས་འདུག


རྒྱ་ནག་དང་བྷངྒ་ལ་དེཤ་གཉིས་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ནན་བརྗོད་བྱས་འདུག
རྒྱ་ནག་དང་བྷངྒ་ལ་དེཤ་གཉིས་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་ནན་བརྗོད་བྱས་འདུག

རྒྱ་ནག་དང་བྷངྒ་ལ་དེཤ་གཉིས་ཀྱི་ཉེ་འཁོར་ས་ཁུལ་དུ་མངའ་དབང་བདག་ཐོབ་ཀྱི་རྩོད་གླེང་དང་དཔལ་འབྱོར་གྱི་དཀའ་རྙོག་སོགས་ཡོད་པའི་སྐབས་འདིར་རེས་གཟའ་ལྷག་པའི་ཉིན་བྷངྒ་ལ་དེཤའི་སྲིད་བློན་ཤེག་ཧཱ་སི་ནཱ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱལ་དོན་འཚམས་འདྲིར་ལ་བསྐྱོད་འདུག་ཅིང་། སྐབས་དེར་ཡུལ་གྲུ་གཉིས་ཀྱི་དབར་འབྲེལ་ལམ་མུ་མཐུད་དམ་ཟབ་བྱེད་རྒྱུར་ནན་བརྗོད་བྱས་འདུག

རྒྱ་ནག་གི་གཞུང་གཉེར་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་མི་ཝང་ཧུ་ནིང་གིས་བྷངྒ་ལ་དེཤའི་སྲིད་བློན་ཤེག་ཧ་སི་ནཱ་དང་ཐུག་འཕྲད་བྱས་སྐབས་རྒྱ་ནག་དང་བྷངྒ་དེཤ་གཉིས་ཕན་ཚུན་གཅིག་གིས་གཅིག་ལ་གུས་བཀུར་དང་འདྲ་མཉམ་གྱི་འདུ་ཤེས་ཐོག་ནས་རྒྱལ་ཁབ་གཉིས་ཀར་ཐུན་མོང་གི་ཁེ་ཕན་སོན་ཆེད་ཕྱོགས་གཉིས་དབར་ལས་དོན་མཉམ་ལས་བྱས་ཏེ་གཞན་ལ་མིག་དཔེ་སྟོན་དགོས་ལུགས་བཤད་པ་རེད་ཅེས་བཀོད་འདུག བྷངྒ་ལ་དེཤ་ལ་རྒྱུན་རིང་ནས་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཡིན་པ་གང་ཞིག་ལ་ད་ལྟ་རྒྱལ་ནང་དུ་ནང་འཁྲུག་གི་དཀའ་རྙོག་ནང་ཚུད་པའི་འབར་མ་དང་རྒྱ་ནག་དང་རྒྱུན་རིང་ནས་ས་མཚམས་རྩོད་རྙོག་ཡོད་ལ་ཨེ་ཤི་ཡའི་ནང་སྟོབས་འབྱོར་རྒྱས་བཞིན་པ་རྒྱ་གར་གཉིས་ལ་གལ་ཆེའི་འཐབ་བྱུས་ཀྱི་གནས་བབ་ཡོད།

བྷངྒ་ལ་དེཤའི་སྲིད་བློན་ཧཱ་སི་ནཱས་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་སྲིད་བློན་ལི་ཆང་དང་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་དབར་གཙོ་བོ་ཚོང་ལས་དང་མ་རྩ་འཛུགས་འཇོག་ལ་སོགས་པའི་གྲོས་མཐུན་ཁག་༢༨ལ་མིང་རྟགས་བཀོད་ཡོད་ཅིང་། སྤྱིར་བཏང་བྷངྒ་ལ་དེཤ་ཡིས་ཨ་རི་དང་རྒྱ་གར་གཉིས་ཀྱི་མཉམ་དུ་ཚོང་ལས་ཀྱི་འབྲེལ་བ་ཉར་ཚགས་བྱེད་བཞིན་ཡོད་ནའང་། ཡུལ་གྲུ་དེས་རྒྱ་ནག་གི་མཉམ་དུ་ཡང་འབྲེལ་ལམ་ཉེ་རུ་གཏོང་ཐབས་བྱེད་ཀྱི་ཡོད། གང་ལ་ཟེར་ན། བྷངྒ་ལ་དེཤ་ཡིས་ཡུལ་དེའི་འཛུགས་བསྐྲུན་ལས་གཞི་ཆེ་ཁག་རྣམས་ལ་རྒྱ་ནག་དང་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཀྱི་ཡོད། བྷངྒ་ལ་དེཤ་འབུ་ལོན་སྤྲོད་འཇལ་མ་ཐུབ་པར་དཀའ་ངལ་ནང་ལྷུང་ཡོད་པར་བརྟེན་ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་དོན་དུ་བྷངྒ་ལ་དེཤའི་ནང་རྒྱ་ནག་གི་མ་རྩ་མང་ཙམ་འཛུགས་འཇོག་བྱ་རྒྱུར་སྐུལ་དེད་དང་སྦྲགས་ཡུལ་དེའི་སྲིད་བློན་ཧཱ་སི་ནཱས་རྒྱ་ནག་དང་འབྲེལ་ལམ་བྱེད་ཤུགས་ཆེ་རུ་གཏོང་འདོད་བྱེད་ཀྱི་ཡོད། རྒྱ་ནག་གིས་བྷངྒ་དེཤ་ལ་མཚོན་ལྡན་ལྕགས་ཁྲབ་འཁོར་ལོ་དང་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱ་རྒྱུའི་མཚོན་ཆ་སོགས་དྲག་པོའི་མཁོ་ཆས་དང་། དེ་བཞིན་མཚོ་ཁར་གྲུ་གཟིངས་བབ་ཚུགས་འཛུགས་རྒྱུའི་མཐུན་རྐྱེན་བཟོ་བསྐྲུན་བྱ་རྒྱུ་མ་ཟད། རི་ལི་ལྕགས་ལམ་དང་། གློག་ཤུགས་མཁོ་འདོན། ཟམ་པ་གསར་རྒྱག་ལ་སོགས་པའི་མཐུན་འགྱུར་རོགས་རམ་བྱེད་ཀྱི་ཡོད།

དེ་དང་ཕྱོགས་མཚུངས་ཨ་རི་ནི་བྷངྒ་ལ་དེཤའི་ནང་ཕྱིའི་མ་རྩ་འཛུགས་འཇོག་བྱེད་མཁན་ཆེ་ཤོས་གཅིག་ཡིན་ཅིང་། རྒྱ་གར་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རིས་དོ་སྣང་བྱེད་ཤུགས་ཆེ་རུ་སོང་བའི་སྐབས་འདིར་བྷངྒ་ལ་དེཤ་སྲིད་བློན་ཧཱ་སི་ནཱས་བདུན་ཕྲག་འགའ་ཤས་ཀྱི་གོང་རྒྱ་གར་ལ་རྒྱལ་དོན་འཚམས་འདྲིར་བསྐྱོད་པའི་རྗེས་ད་རེས་རྒྱ་ནག་ལ་བསྐྱོད་པ་ཞིག་ཡིན་པ་རེད།

སྲིད་དོན་དབྱེ་ཞིབ་པ་ཚོས་དེང་སྐབས་ཨ་རིས་མངའ་ཁུལ་དེར་དོ་སྣང་ཆེན་པོ་བྱེད་བཞིན་པའི་སྐབས་ལྕམ་ཧཱ་སི་ནཱས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་དང་རྒྱ་ནག་གཉིས་ཀར་ཆ་སྙོམས་འབྲེལ་ལམ་བྱེད་འཆར་ཡོད་པ་ཞིག་མངོན་གྱི་ཡོད་ཅེས་འགྲེལ་བརྗོད་བྱས་འདུག འདི་ལོ་ཕྱི་ཟླ་དང་པོའི་ནང་ཨ་རི་དང་ཡུ་རོབ་ཀྱི་ཡུལ་གྲུ་ཁག་གཅིག་གིས་བྷངྒ་ལ་དེཤའི་སྲིད་བློན་ཧཱ་སི་ནཱའི་སྲིད་གཞུང་ལ་ཡུལ་དེའི་ནང་རང་དབང་དང་དྲང་བདེན་སྒོ་ནས་འོས་ཤོག་འཕེན་འཇུག་དགོས་པའི་གནོན་ཤུགས་སྤྲད་ཡོད་ཅིང་། སྐབས་དེར་ཡོངས་གྲགས་ཀྱི་ཐོག་ནས་རྒྱ་ནག་གིས་ལྕམ་ཧཱ་སི་ནཱ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད། ད་རེས་སྲིད་བློན་ཧཱ་སི་ནཱ་རྒྱ་ནག་ལ་བསྐྱོད་པའི་སྐབས་རྒྱ་ནག་ནས་དངུལ་འབུན་ཨ་སྒོར་ཐེར་འབུམ་༢༠ཐམ་གསར་དུ་སྔ་གཡར་བྱེད་འཆར་ཡོད་རེད་ཅེས་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག ཡང་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་དཀའ་རྙོག་དང་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་གི་ཕྱོགས་སུ་རྒྱ་ནག་གིས་དྲག་པོའི་ལས་གཞི་རྒྱ་བསྐྱེད་གཏོང་གི་ཡོད་པའི་གནད་དོན། དེ་བཞིན་ཁྱིམ་མཚེས་འབར་མའི་ནང་འཐབ་འཁྲུག་གི་གནད་དོན། ཧི་མ་ལ་ཡའི་རི་བོའི་ནས་བབ་པའི་ཆུ་བོ་ཆེ་ཁག་རྒྱ་ནག་གིས་སྟངས་འཛིན་བྱས་པའི་རྐྱེན་གྱིས་བྷངྒ་ལ་དེཤ་ལ་སོགས་པའི་ཁྱིམ་མཚེས་རྒྱལ་ཁབ་གཞན་རྣམས་ཀྱི་སོ་ནམ་ཞིང་ལས་ལ་ཤུགས་རྐྱེན་ངན་པ་ཡོང་གི་ཡོད་པའི་གནད་དོན་ལ་བྷངྒ་ལ་དེཤ་དང་ཉེ་འཁོར་དེའི་ཁྱིམ་ཚེས་རྒྱལ་ཁབ་ཚོས་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

ཨེ་པི་གསར་ཁང་སོགས་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG