ཨུ་རུ་སུའི་དྲིལ་བསྒྲགས་རྫུན་བཟོའི་ལས་འགུལ་ལ་ཨ་རིས་དམ་བསྒྲགས།

RT གསར་འགྱུར་ཁང་།

Your browser doesn’t support HTML5

ཨུ་རུ་སུའི་དྲིལ་བསྒྲགས་རྫུན་བཟོའི་ལས་འགུལ་ལ་ཨ་རིས་དམ་བསྒྲགས།

ཨུ་རུ་སུ་གཞུང་དང་འབྲེལ་ཡོད་ཚོང་གཉེར་ཁང་དང་མི་སྣ་འགའ་རེས་ཨ་རིའི་སྤྱི་ཚོགས་ལ་ཤུགས་རྐྱེན་གཏོང་ཐབས་བྱས་པ་མ་ཟད། ཨ་རིའི་སྲིད་འཛིན་འོས་སྡུའི་གྲུབ་འབྲས་ལ་ཁྱད་པར་བཟོ་ཐབས་བྱེད་བཞིན་པར་བརྟེན། རེས་གཟའ་ལྷག་པའི་ཉིན་ཨ་རི་གཞུང་གིས་འབྲེལ་ཡོད་ཚོང་གཉེར་ཁང་དེ་རིགས་དང་མི་སྣ་ཚོར་ཁྲིམས་ཐོག་གི་ཉེས་འཛུགས་དང་དཔལ་འབྱོར་དམ་བསྒྲགས་བྱ་རྒྱུ་སོགས་ཀྱི་ཉེས་ཁྲིམས་འགེལ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག

དེ་ཡང་ཨ་རིའི་ཁྲིམས་དོན་ལྷན་ཁང་དང་ནོར་སྲིང་ལྷན་ཁང་གཉིས་ཀྱིས་ཨུ་རུ་སུའི་སྲིད་འཛིན་ཝི་ལ་ཌི་མིར་ པུ་ཊིན་དང་འབྲེལ་འདྲིས་ཆེ་བའི་དཔོན་རིགས་ཚོས་ངན་སྐུལ་བྱས་ནས་ཨུ་རུ་སུ་གཞུང་གིས་ཨ་རིའི་རྒྱལ་ནང་ཁྲིམས་སྒྲིག་དང་རྒྱལ་སྤྱིའི་འགྲོ་ལུགས་ཁག་རྩ་གཏོར་གཏོང་རྒྱུའི་ཐབས་ཤེས་མང་དག་བྱེད་བཞིན་ཡོད་པའི་གྱོད་འཛུགས་བྱས་འདུག

ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་འོས་བསྡུའི་ལས་དོན་ཚོགས་ཆུང་ལ་གཏམ་བཤད་གནང་སྐབས། ཨ་རིའི་ཁྲིམས་དོན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་མེ་རིཀ་ གྷར་ལནྜ་གྱིས་གསུངས་དོན་ལ། ཨ་རིའི་མང་གཙོའི་ལམ་ལུགས་དང་བརྒྱུད་རིམ་ཁག་ཉམས་ཆག་གཏོང་རྒྱུར་ཨུ་རུ་སུའི་མཐོ་རིམ་འགོ་ཁྲིད་གཙོས་འབྲེལ་ཡོད་ཚོས་ཐབས་ཤེས་འབད་བརྩོད་ཇི་ཙམ་བྱེད་ཀྱི་ཡོད་པ་དེ་གསལ་བཏོན་བྱས་འདུག ལས་དོན་དེ་ཧ་ཅང་འཚབ་ཆེའི་ལས་དོན་ཞིག་ཡིན་པར་བརྟེན་ཨ་རིས་དེ་ལྟར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་འདུག

རེས་གཟའ་ལྷག་པའི་ཉིན་ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་གྱོད་འཛུགས་བྱས་པའི་ནང་ཨུ་རུ་སུ་གཞུང་དང་འབྲེལ་བ་མེད་ལུགས་གསལ་འདོན་བྱ་རྒྱུར་ཡུལ་དེའི་གཞུང་གཉེར་གསར་ཁང་ཨར་ཊི་ཞེས་པའི་ལས་བྱེད་གཉིས་དང་། རྒྱལ་ཁབ་གཞན་ལ་དེབ་བསྐྱེལ་བྱས་པའི་ཚོང་གཉེར་ཁང། དེ་བཞིན་ངོ་རྟགས་མ་ཆོད་པ་སོགས་བེད་སྦྱོད་བྱས་ཏེ། ཨ་རིའི་མངའ་སྡེ་ཀྲེ་ན་སས་ནང་གི་ཚོང་གཉེར་ཁང་ཞིག་ལ་ཨ་སྒོར་ས་ཡ་བཅུ་ཙམ་མཁོ་སྤྲོད་བྱས་འདུག་པ་དང་། ཨ་རིའི་ནང་གི་ཚོང་གཉེར་ཁང་འདིས་ཨིན་ཡིག་ཐོག་ནས་ཨུ་རུ་སུར་ཕྱོགས་ཞེན་ཡོད་པའི་དྲིལ་བསྒྲགས་མང་དག་སྤེལ་བཅུག་འདུག་ཅེས་འཁོད་འདུག

ཚོང་གཉེར་ཁང་འདིས་ཕྱི་ལོ་༢༠༢༣ ལོའི་ཟླ་བ་༡༡ པ་ནས་བཟུང་ད་བར་དྲིལ་བསྒྲགས་ཀྱི་བརྙན་ཐུང་གཉིས་སྟོང་ཙམ་བཟོ་སྐྲུན་བྱས་ཏེ་སྤྱི་ཚོགས་བརྒྱུད་ལམ་ཀྲིག་ཀྲོག་དང། ཨེཀ་ས། དེ་བཞིན་ཡུ་ཀྲུབ་སོགས་ཀྱི་ནང་ཁྱབ་སྤེལ་བྱས་ཡོད་པ་དང། ཡུ་ཀྲུབ་གཅིག་པོའི་ནང་གི་བརྙན་ཐུང་ཁག་ལ་མི་མང་ས་ཡ་༡༦ ཙམ་གྱི་ལྟ་ཉན་བྱས་ཡོད་སྐོར་འབྲེལ་ཡོད་ཨ་རིའི་དཔོན་རིགས་ཚོས་འགྲེལ་བརྗོད་བྱས་འདུག ཨ་རུ་སུས་ཨ་རིའི་ནང་དྲིལ་བསྒྲགས་ལས་འགུལ་སྤེལ་བཞིན་པ་ཁག་རྒྱ་ཁྱབ་ཆེ་བ་ཡོད་པའི་བློ་འཚབ་ཡང་ཡོད་ཅེས་ཨ་རིའི་དཔོན་རིགས་ཚོས་གསུངས་འདུག

ཡང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ཀི་རིས་ཌོ་ཕར་ ཝ་རིས་གསུངས་དོན་ལ། གཞི་རྐང་ཕྱི་ལོ་༢༠༢༢ ལོའི་འགོ་སྟོད་ནས་བཟུང་ཨ་རིའི་ནང་ཡོད་ཨར་ཀྲི་གསར་འགྱུར་ལས་ཁང་གི་ལས་དོན་ཁག་སྒོ་བརྒྱབས་བཅུག་ཡོད་ནའང་། གསར་འགྱུར་ལས་ཁང་འདིས་ཨ་རིའི་ནང་གནས་འཁོད་བྱེད་མཁན་མི་སྣ་དང་འབྲེལ་བ་བྱས་ཏེ་ཨུ་རུ་སུ་གཞུང་གི་དྲིལ་བསྒྲགས་ཁྱབ་སྤེལ་བྱེད་འཇུག་ཡོད་པ་དང་། དྲིལ་བསྒྲགས་ཀྱི་བརྙན་ཐུང་དེ་རིགས་རང་དབང་ཅན་གྱི་གསར་འགྱུར་ཡིན་པའི་རྣམ་པ་གསལ་འདོན་བྱེད་ཐབས་ཀྱང་བྱས་ཡོད་ནའང་། དོན་དངོས་ལ་བརྙན་ཐུང་དེ་རིགས་མང་ཆེ་བ་ཨུ་རུ་སུའི་ནང་ཡོད་ཨར་ཀྲི་གསར་འགྱུར་ལས་ཁང་གི་ལས་བྱེད་ཚོས་བཟོ་སྐྲུན་བྱས་པ་ཤ་སྟག་ཆགས་ཀྱི་ཡོད་པ་དང། ཨར་ཀྲི་གསར་འགྱུར་ལས་ཁང་གི་ལས་བྱེད་ཚོ་ཨུ་རུ་སུ་གཞུང་གི་ཆེད་དུ་ལས་དོན་སྒྲུབ་མཁན་རེད་ཅེས་འགྲེལ་བརྗོད་བྱས་འདུག

ཨ་རིའི་ཁྲིམས་དོན་ལྷན་ཁང་གིས་གྱོད་འཛུགས་བྱས་པ་འདིའི་ཐད་ལ་ཨ་རི་རླུང་འཕྲིན་ཁང་གིས་རྒྱལ་ས་ལྦ་ཤིན་ཊོན་ནང་བརྟེན་གཞི་བྱས་པའི་ཨུ་རུ་སུའི་གཞུང་ཚབ་ལས་ལྷན་ཁང་ལ་གསལ་བཤད་ཡོད་མེད་འབྲེལ་བ་ཡང་ཡང་བྱས་འདུག་ཀྱང་གཞུང་ཚབ་ཁང་གིས་ལན་འདེབས་གང་ཡང་བྱས་མི་འདུག

ཡང་ཨ་རིའི་ནང་ཨ་རུ་སུའི་དྲིལ་བསྒྲགས་སྤེལ་མཁན་ཚོང་གཉེར་ཁང་ཀྲེ་ནེཏ་་གསར་ཁང་དང་འབྲེལ་བའི་མི་སྣ་འགའ་ཤས་ཀྱིས་ཡོངས་བསྒྲགས་འགྲེལ་བརྗོད་བྱས་འདུག་པ་དང་། དེ་ཚོའི་ཁོངས་སུ་ཀྲིམ་་པོལ་གྱིས་ཨེཀ་ས་སྤྱི་ཚོགས་དྲ་ལམ་ཐོག་འབྲི་བཀོད་བྱས་དོན་ལ། གལ་ཏེ་གྱོད་འཛུགས་འདི་དག་བདེན་པ་ཡིན་ན། ངོས་དང་མི་གཞན་མང་པོ་འགོ་སྐོར་ཐེབས་འདུག་ཅེས་བྲིས་འདུག

ཨ་རིའི་ནང་བརྟེན་གཞི་བྱས་པའི་གོང་གི་གསར་འགྱུར་ལས་ཁང་དེར་ཁྲིམས་དོན་ལྷན་ཁང་གིས་གྱོད་འཛུགས་བྱས་མེད་ནའང་། ཚོང་གཉེར་ཁང་འདི་ཨུ་རུ་སུ་གཞུང་གིས་འགྲོ་འགྲོན་བཏང་བ་ཞིག་ཡིན་པ་དང། ཨུ་རུ་སུའི་ཨར་ཀྲི་གསར་འགྱུར་ལས་ཁང་གི་བཀོད་འདོམས་འོག་ཡོད་པ་དེ་མི་མང་ལ་གསལ་བསྒྲགས་བྱེད་ཐུབ་ཡོད་མ་རེད་ཅེས་དང། དེ་བཞིན་གསར་འགྱུར་ལས་ཁང་འདི་ཕྱིའི་རྒྱལ་ཁབ་གྱི་འགྲོ་གྲོན་བཏང་བའི་སྒྲིག་འཛུགས་ཞིག་ཡིན་པ་དེབ་བསྐྱེལ་ཡང་བྱས་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ཨ་རིའི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།