ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ར་ཤི་ཡའི་དམག་མི་ཁྲི་ཚོ་༣་ཀོར་སི་ཀ་གྲོང་ཁྱེར་སྲུང་སྐྱོབ་ཏུ་བཏང་འདུག


ར་ཤི་ཡའི་དམག་དཔུང་ཁག་ཅིག་ཤར་ཕྱོགས་ནས་ཕྱིར་འཐེན་བྱས་ཏེ་ཀོར་སི་ཀ་མངའ་ཁུལ་དུ་གཏོང་གི་འདུག
ར་ཤི་ཡའི་དམག་དཔུང་ཁག་ཅིག་ཤར་ཕྱོགས་ནས་ཕྱིར་འཐེན་བྱས་ཏེ་ཀོར་སི་ཀ་མངའ་ཁུལ་དུ་གཏོང་གི་འདུག

༄༅།། ཡུཀ་རེན་གྱི་དམག་ས་ཁག་ནས་ར་ཤི་ཡའི་དམག་མི་ཁྲི་ཚོ་༣་ཕྱིར་འཐེན་བྱས་ནས་ཀོར་སི་ཀ་གྲོང་ཁྱེར་སྲུང་སྐྱོབ་ཏུ་བཏང་ཡོད་ཅིང་། ཕྱི་ཟླ་༨་པའི་ཚེས་༢༧་ཉིན་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་སིར་སི་ཀིས་(Oleksandr Syrskyi)་ར་ཤི་ཡའི་དམག་དཔུང་ཁག་ཅིག་ཤར་ཕྱོགས་ནས་ཕྱིར་འཐེན་བྱས་ཏེ་ཀོར་སི་ཀ་མངའ་ཁུལ་དུ་གཏོང་གི་འདུག་ཅེས་བསྟན། ཡིན་ནའང་ར་ཤི་ཡའི་དམག་དཔུང་དེ་རྣམས་ཡུཀ་རེན་གྱི་ཤར་ཕྱོགས་ས་གནས་གང་ནས་ཕྱིར་འཐེན་བྱས་མིན་གསལ་བཀྲོལ་མ་བྱུང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག་ཏུའང་དམག་སྤྱི་ཕེ་ཊི་ར་ཡེ་ཌར་(Pat Ryder)་གྱིས་ཡུཀ་རེན་གྱི་དམག་ས་ཁག་ནས་ར་ཤི་ཡའི་དམག་དཔུང་ཁག་ཅིག་ཕྱིར་འཐེན་བྱེད་ཀྱི་ཡོད་པའི་རྟགས་མཚན་འདུག ང་ཚོས་ཡུཀ་རེན་ལ་འབྲེལ་མོལ་དམ་ཟབ་བྱེད་ཀྱི་ཡོད། ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་དོན་ཅི་ཡིན་ཡུཀ་རེན་གྱིས་འགྲེལ་བཤད་རྒྱག་དགོས་ཞེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་སིར་སི་ཀིས་
ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་སིར་སི་ཀིས་

ཉེ་ཆར་ཕྱི་ཟླ་༨་པའི་ཚེས་༦་ཉིན་ཡུཀ་རེན་གྱིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ར་ཤི་ཡའི་གཞིས་གྲོང་༡༠༠་དང་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༡༢༩༥་བླངས། དེ་བཞིན་ར་ཤི་ཡའི་དམག་མི་༥༩༤་འཛིན་བཟུང་བྱས། ཡུཀ་རེན་གྱིས་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་དོན་ནི་བར་གནས་ཀྱི་བསྟི་གནས་ཤིག་བསྐྲུན་ཏེ་ཚུར་རྒོལ་འགོག་རྒྱུ་དང་། ཕྱིས་སུ་ར་ཤི་ཡར་གྲོས་མོལ་བྱས་ན་གཏམ་ས་ཡོད་པ་དང་ཌོན་བྷ་སི་མངའ་ཁུལ་དུ་ར་ཤི་ཡས་དམག་གིས་དྲག་རྒོལ་བྱེད་ཀྱི་ཡོད་པ་ཤུགས་ཆུང་དུ་གཏོང་རྒྱུའི་ཆེད་དུ་ཡིན་ཞེས་བཤད་མོད། འོན་ཀྱང་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་གྱིས་ཌོ་ནེ་ཛིཀ་མངའ་ཁུལ་དུ་དཔུང་འཇུག་བྱ་རྒྱུ་མཚམས་འཇོག་རྩིས་མིན། ཡུཀ་རེན་གྱི་ཤར་ཕྱོགས་ནས་ཁེ་རེ་མཱི་ཡ་གླིང་ཟུར་བར་གྱི་ས་ཆ་རྣམས་ཡུག་གཅིག་ཏུ་ལེན་རྒྱུའི་དམིགས་ཡུལ་དེ་ནམ་ཡང་འདོར་རྒྱུ་མིན་ཞེས་དམ་བཅས།།

ཕྱི་ཟླ་༨་པའི་ཚེས་༢༧་ཉིན་དབྱིན་ཇིའི་གྷ་ཌིར་ཡན་ཚགས་པར་གྱི་གསར་འགོད་པས་ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་ཟླ་ཤས་གོང་ནས་ཡུཀ་རེན་གྱི་སྐྱེལ་འདྲེན་ལ་གལ་གནད་ཆེ་བའི་པོཀ་རོབ་སི་ཀི་གྲོང་ཁྱེར་ལ་ར་ཤི་ཡས་དཔུང་འཇུག་བྱ་རྒྱུ་འགོ་ཚུགས། ད་ལྟ་ར་ཤི་ཡའི་དམག་དཔུང་སྤྱི་ལེ་༡༡་མཚམས་སུ་བསླེབས་ཡོད་པ་དང་མུ་མཐུད་དུ་ཀུ་ར་ཁོ་ཝོབ་ཕྱོགས་སུ་དཔུང་རྒོལ་བྱེད་ཀྱི་འདུག ཡུཀ་རེན་གྱི་དམག་ས་ཁག་ཅིག་ནས་ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱེད་ཀྱི་ཡོད་ཀྱང་པོཀ་རོབ་སི་ཀི་གྲོང་ཁྱེར་ལ་དྲག་རྒོལ་བྱ་རྒྱུ་ངར་ཤུགས་མ་ཉམས། ར་ཤི་ཡའི་དམག་གིས་པོཀ་རོབ་སི་ཀི་གྲོང་ཁྱེར་ལ་དཔུང་འཇུག་བྱས་ནས་ཡུཀ་རེན་གྱིས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ། དགྲ་ཕྱོགས་ལ་དམག་མི་མང་བ་དང་མཚོན་ཆ། དམག་དོན་ཡོ་ཆས་ཡག་པོ་འདུག ཁོ་ཚོས་མེ་སྒྱོགས་བརྒྱབ་པ་དང་མཁའ་ཐོག་ནས་རྒོལ་རྡུང་བྱེད་ཀྱི་འདུག་ཅེས་བཀྲལ།།

པོཀ་རོབ་སི་ཀི་གྲོང་ཁྱེར་ནི་རྡོ་སོལ་གྱི་གཏེར་ཁས་རབ་ཏུ་ཕྱུག་པ་དང་བཟོ་ལས་ས་ཁུལ་ཞིག་ཡིན་ཞིང་། ས་གནས་དེའི་དཔལ་འབྱོར་ཡོང་འབབ་རྡོ་སོལ་ཕྱིར་ཚོང་ལ་བརྟེན། གྲོང་ཁྱེར་དེ་རྒྱ་ལམ་དང་མེ་འཁོར་ལྕགས་ལམ་འདུས་གནས་ཤིག་ཏུ་ཁེལ། ར་ཤི་ཡའི་བཙན་འཛུལ་མ་བྱུང་སྔོན་དུ་གྲོང་ཁྱེར་དེར་མི་འབོར་ཁྲི་ཚོ་༦་ལྷག་ཡོད་པ་དང་ཡུཀ་རེན་གྱི་གཞུང་གིས་མི་མང་རྣམས་ཉེན་བྱོལ་དུ་ལེན་གྱི་ཡོད་ཀྱང་མི་མང་ཁག་ཅིག་རང་གནས་སུ་འཁོད། ཡུཀ་རེན་གྱིས་པོཀ་རོབ་སི་ཀི་གྲོང་ཁྱེར་བརྒྱུད་ནས་ཌོ་ནེ་ཛིཀ་མངའ་ཁུལ་གྱི་ཆ་སིབ་ཡར་དང་ཀོ་སི་ཏིན་ཊི་ནིབ་ཀ་སོགས་དམག་ས་ཁག་ཏུ་དམག་དོན་ཡོ་ཆས་སྐྱེལ་འདྲེན་བྱ་དགོས། ༢༠༡༤་ནས་པོཀ་རོབ་སི་ཀི་གྲོང་ཁྱེར་ཡོད་སའི་ཌོ་ནེ་ཛིཀ་མངའ་ཁུལ་གྱི་རྒྱལ་ས་ཌོ་ནེ་ཛིཀ་གྲོང་ཁྱེར་ར་ཤི་ཡའི་དབང་བསྒྱུར་འགོ་ཏུ་ཚུད། ར་ཤི་ཡའི་དམག་གིས་ཡུཀ་རེན་གྱི་ཌོ་ནེ་ཛིཀ་མངའ་ཁུལ་ཕྲོགས་ཀྱང་པོཀ་རོབ་སི་ཀི་གྲོང་ཁྱེར་ལེན་ཐུབ་མེད་པས་ས་ཆ་ཁ་ཚང་ཞིག་མ་ཐོབ།།

ཕྱི་ཟླ་༨་པའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ར་ཤི་ཡའི་གསར་འགྱུར་ལས་ཁུངས་ཁག་གིས་པོཀ་རོབ་སི་ཀི་གྲོང་ཁྱེར་བླངས་ཚེ། ཌོ་ནེ་ཛིཀ་མངའ་ཁུལ་དུ་བསྐྱོད་པའི་རྒྱལ་སྒོ་བླངས་པ་རེད་ཅེས་གནས་ཚུལ་སྤེལ། ཡུཀ་རེན་གྱིས་པོཀ་རོབ་སི་ཀི་གྲོང་ཁྱེར་སྲུང་སྐྱོབ་མ་ཐུབ་ན་ཤར་ཕྱོགས་ཀྱི་དམག་ས་ཁག་ཏུ་སྐྱེལ་འདྲེན་མ་ཐུབ། ར་ཤི་ཡའི་དམག་གིས་ཡུཀ་རེན་གྱི་ཆ་སིབ་ཡར་གྲོང་ཁྱེར་ལེན་རྒྱུ་སྟབས་བདེ་རུ་སོང་། ཆ་སིབ་ཡར་གྲོང་ཁྱེར་ནི་མཐོ་ས་ཞིག་ཏུ་ཆགས་ཡོད་པས་ཉེ་འཁོར་གྱི་ས་གནས་ཁག་ལ་སྟངས་འཛིན་བྱ་རྒྱུ་སྟབས་བདེར་གྱུར། ར་ཤི་ཡས་མིའི་ཚེ་སྲོག་ལ་ཕངས་སེམས་མེད་པར་རྦ་རླབས་བཞིན་གཏོང་གི་ཡོད་ཀྱང་ཡུཀ་རེན་གྱི་དམག་དཔུང་ས་གནས་དེ་ནས་ཕྱིར་འཐེན་བྱ་རྒྱུའི་རྟགས་མཚན་མི་མངོན། གལ་སྲིད་ར་ཤི་ཡའི་དམག་དཔུང་ཁག་ཅིག་པོཀ་རོབ་སི་ཀི་གྲོང་ཁྱེར་ཕྱོགས་ནས་ཕྱིར་འཐེན་བྱས་ན་ཡུཀ་རེན་གྱིས་ས་ཆ་དེ་འཛིན་ཐུབ་པའི་རེ་བ་འདུག་ཅེས་བསྟན།།

པོཀ་རོབ་སི་ཀི་གྲོང་ཁྱེར་དུ་ཡུཀ་རེན་གྱི་རྒྱལ་དར་ཚོན་མདོག་སྔོན་པོ་དང་སེར་པོ་ཅན་དེ་བསྒྲེངས་ཡོད་ཀྱང་ས་གནས་མི་མང་རྣམས་མེ་འཁོར་དང་རྒྱ་ལམ་བརྒྱུད་ནས་ནུབ་ཕྱོགས་སུ་བྲོས། ཟླ་བ་འདིའི་ཚེས་༢༣་ཉིན་རོ་ཡེ་ཊར་སི་གསར་ཁང་གི་གསར་འགོད་པ་པོཀ་རོབ་སི་ཀི་གྲོང་ཁྱེར་དུ་ལྷགས། གསར་འགོད་པས་གྲོང་ཁྱེར་གྱི་ཁང་པ་ཁག་གི་སྒོ་དང་སྒེའུ་ཁུང་རྣམས་པང་ལེབ་ཀྱིས་བཀབ་ཡོད་པ་དང་ཌོ་ནེཀ་ཛིཀ་རྒྱལ་ཡོངས་འཕྲུལ་རིག་སློབ་ཆེན་གྱི་རྡོ་སྐེ་སྟེང་དུ་ས་རྡོ་བབས། དེ་ནི་ལོ་འདིའི་འགོ་སྟོད་དུ་ར་ཤི་ཡས་འཕུར་མདེལ་འཕངས་ནས་གཏོར་བཤིག་ཕོག་པའི་ས་རྡོ་ཡིན་པ་ཤེས་རྟོགས་བྱུང་། ཁང་ཆེན་མང་ཆེ་བའི་སྒོ་དང་སྒེའུ་མེད་པ་དང་ཀླད་ཁེབས་བརྡིབས། ཁྱམས་ར་སོགས་ལ་གཏོར་བཤིག་ཕོག དུས་ནས་དུས་སུ་རྒྱང་དུ་སྒྱོགས་མདེལ་བཀད་པའི་སྒྲ་སྐད་ཐོས། རྒན་མོ་ཚོས་སྲང་ལམ་གྱི་ཚོང་ཁང་ཁག་ནས་སྔོ་ཚོད་དང་ཟས་རིགས་ཉོས་ནས་བཟའ་བཏུང་སྒྲིག་གི་ཡོད་པ་དངོས་སུ་མཐོང་།།

སྲིད་འཛིན་ཛེ་ལན་སི་ཀིས་
སྲིད་འཛིན་ཛེ་ལན་སི་ཀིས་

ཕྱི་ཟླ་༨་པའི་ཚེས་༢༧་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཛེ་ལན་སི་ཀིས་(Zelenskiy)་ཡུཀ་རེན་གྱིས་རྒྱལ་ནང་དུ་བཟོས་པའི་རྒྱང་སྙོབ་འབེན་ཕོག་འཕུར་མདེལ་ཞིག་ཚོད་ལྟ་བྱས་པ་ཡིན། ད་དུང་འཕུར་མདེལ་དེའི་ཞིབ་ཕྲ་ཁག་ཕྱི་རུ་བསྒྲག་རྒྱུ་སྔ་དྲགས་ཡོད་ཀྱང་རྣམ་པ་ཚོར་ཞུས་ཙམ་བྱས་པ་ཡིན། ཡུཀ་རེན་གྱིས་ལོ་རེར་ཁ་ལོ་བ་མེད་པའི་འཕུར་གྲུ་ས་ཡ་༡་དང་ཕྱེད་ཀ་ནས་ས་ཡ་༢་ཙམ་བཟོ་ཐུབ་ཀྱི་ཡོད། ང་ཚོར་དངུལ་སྒོར་འགྲོ་གྲོན་མེད་པར་དཀའ་ངལ་ཅུང་ཙམ་འཕྲད་ཀྱི་འདུག ཡུཀ་རེན་གྱི་རྒྱལ་སྲུང་བཟོ་ལས་ཀྱི་ལག་རྩལ་ཧ་ཅང་ཡག་པོ་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར། ཡུཀ་རེན་གྱི་འཕུར་མདེལ་གསར་པ་དེའི་ནུས་པ་དང་སྙོབ་ཚད། འཕྲུལ་རིག་ལག་རྩལ་གསར་པ་ཡིན་མིན། འཕུར་མདེལ་རེར་འགྲོ་གྲོན་ཅི་ཙམ་གནས་ཀྱི་ཡོད་མེད་རྣམས་གསང་རྒྱ་མ་གྲོལ། ཡུཀ་རེན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ང་ཚོར་རྒྱལ་ཁ་ཐོབ་དགོས་ན་རྒྱང་སྙོབ་འཕུར་མདེལ་དགོས་ཀྱི་འདུག དགྲ་ཕྱོགས་ཀྱི་དམག་སྒར་ཁག་ལ་རྒོལ་རྡུང་བྱེད་མི་ཆོག་པའི་བཀག་སྡོམ་མེད་པར་གཏོང་དགོས་ཞེས་ནན་གྱིས་བསྐུལ།།

ཡུཀ་རེན་ལ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱང་སྙོབ་འཕུར་མདེལ་ཁག་ཅིག་སྤྲད་ཡོད་ཀྱང་དེ་དག་གིས་ར་ཤི་ཡའི་ས་ཐོག་ཏུ་རྒོལ་རྡུང་བྱེད་མི་ཆོག་པར་མ་ཟད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་སྤྲད་པའི་མཚོན་ཆ་དེ་རྣམས་བཀོལ་སྤྱོད་བྱེད་ཕྱོགས་ལ་ཆ་རྐྱེན་སྣ་མང་ཞིག་བཏོན། རྒྱལ་སྲུང་འཐབ་ཇུས་ལྟེ་གནས་ཀྱི་ཡུཀ་རེན་གྱི་བདེ་འཇགས་ཉམས་ཞིབ་པ་ཝི་ཌོ་ཝི་ཆེན་ཀོས་(Victoria Vdovychenko)་བཤད་པ་ལྟར་ན། ཡུཀ་རེན་གྱི་སྒེར་གཉེར་བཟོ་ཚོང་ལས་ཁུངས་ཁག་གིས་རྒྱལ་སྲུང་ལྷན་ཁང་གི་ཁྱབ་ཁོངས་སུ་གཏོགས་པའི་དམག་དོན་འཕྲུལ་རིག་དང་གྲངས་འཛིན་ལས་ཁུངས་ལ་མཉམ་འབྲེལ་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་མང་པོ་བཟོས། ཡུཀ་རེན་གྱི་དམག་དོན་འཕྲུལ་རིག་ལག་རྩལ་དེ་གནས་རིམ་གསར་པ་ཞིག་བརྒལ། འཕུར་མདེལ་གསར་བཟོ་དེར་ཡུཀ་རེན་གྱི་ཁེ་ལས་པ་དང་དམག་དོན་མི་སྣ། དང་བླངས་པ་དང་རྒྱལ་སྤྱིའི་ཟླ་གྲོགས་ཚོ་མཉམ་འབྲེལ་བྱེད་ཀྱི་ཡོད་པའི་གསར་འགྱུར་ཐོན་འདུག

གླེང་སྟེགས།

XS
SM
MD
LG