ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཨུ་རུ་སུས་ཀུར་ས་མངའ་ཁུལ་ནང་ཡུ་ཀེ་རེན་གྱི་དཔུང་འཇུག་ཅིའི་ཕྱིར་འགོག་ཐུབ་མེད།


ཨུ་རུ་སུའི་སྲིད་འཛིན་པུ་ཊིན་
ཨུ་རུ་སུའི་སྲིད་འཛིན་པུ་ཊིན་

ཡུ་ཀེ་རེན་གྱིས་འདས་པའི་བདུན་ཕྲག་གསུམ་ཙམ་གྱི་རིང་ཨུ་རུ་སུའི་མངའ་སྡེ་ཀུར་ས་ནང་བཙན་འཛུལ་བྱས་པ་དེར་ཨུ་རུ་སུས་ད་བར་ནུས་ཤུགས་ཆེ་བའི་ལན་འདེབས་བྱས་ཏེ་ཡུ་ཀེ་རེན་གྱི་དམག་མི་རྣམས་ཕྱིར་འབུད་གཏོང་ཐབས་བྱེད་ཀྱི་མེད་པ་དེ་ནི་ཡ་མཚན་སྐྱེས་གཞིའི་གནས་ཤིག་ཆགས་ཀྱི་ཡོད་པ་དང་། ཡུ་ཀེ་རེན་གྱིས་ཨུ་རུ་སུའི་ཀུར་ས་མངའ་སྡེའི་ནང་བཙན་འཛུལ་བྱས་པ་དེ་ནི་དེ་སྔོན་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཡུལ་དེའི་ས་ཁུལ་ནང་ཕྱིའི་རྒྱལ་ཁབ་གཅིག་གིས་བཙན་འཛུལ་བྱས་པའི་གནས་ཚུལ་དང་པོ་རེད།

ཨུ་རུ་སུའི་དམག་མི་ཚོས་ཡུ་ཀེ་རེན་གྱི་དམག་མི་རྣམས་ཕྱིར་འབུད་གཏང་རྒྱུར་འགོར་འགྱངས་བྱེད་ཀྱི་ཡོད་པ་དེ་ནི་ཡུལ་དེའི་དམག་མིའི་སྟོབས་ཤུགས་དང་ཨུ་རུ་སུ་གཞུང་གིས་གནད་ཆེན་པོར་རྩིས་ཀྱི་མེད་པ་དེས་རེད་འདུག

ཨུ་རུ་སུའི་དམག་མི་ཕལ་ཆེ་བ་ཡུ་ཀེ་རེན་ཤར་ཕྱོགས་ཁུལ་དུ་འགྲེམས་འཇོག་བྱས་ཡོད་པ་དེས་ཡུལ་དེས་ཡུ་ཀེ་རེན་གྱི་དམག་མི་རྣམས་ཀུར་ས་ནས་ཕྱིར་འབུད་བྱ་རྒྱུར་དམག་མི་མདེང་ངེས་མེད་སྲིད། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུ་ཀེ་རེན་ཤར་ཕྱོགས་ཀྱི་མངའ་སྡེ་ཌོན་བྷཱ་སེ་ཆ་ཚང་བཙན་བཟུང་བྱ་རྒྱུ་གལ་ཆེར་རྩིས་ཀྱི་ཡོད་པས་ཨུ་རུ་སུས་ཡུ་ཀེ་རེན་གྱི་དམག་མི་རྣམས་ཀུར་ས་ནས་ཕྱིར་འབུད་གཏང་རྒྱུར་སོ་སོའི་དམག་མི་ཡུ་ཀེ་རེན་ཤར་ཕྱོགས་ཀྱི་ས་གནས་ཌོན་བྷཱ་སེ་ནས་ལ་ཁ་བསྒྱུར་བྱེད་འདོད་མེད།

ཨུ་རུ་སུའི་གནད་དོན་ལ་ཞིབ་འཇུག་བྱེད་མཁན་ཀར་ནི་གྷི་ཉམས་ཞིབ་ཁང་གི་ཞིབ་འཇུག་པ་ཏ་ཏི་ནི་ཡ་ཡིས་དཔྱད་རྩོམ་ཞིག་གི་ནང་སྲིད་འཛིན་པུ་ཊིན་གྱིས་ཡུ་ཀེ་རེན་གྱི་མངའ་སྡེ་ཌོན་བྷཱ་སི་དབང་བསྒྱུར་བྱ་རྒྱུ་དེ་ནི་ས་གནས་གཞན་པ་གང་ལས་གལ་འགངས་ཆེ་བ་ཡིན་པའི་ཡིད་མཆེས་བྱེད་ཀྱི་ཡོད་པ་རེད་ཅེས་བཀོད་འདུག

པུ་ཊིན་གྱིས་ཕྱི་ལོ་༢༠༢༢ལོར་ཡུ་ཀེ་རེན་ལ་དམག་བརྒྱབས་པའི་རྗེས་ཨུ་རུ་སུས་ཁྲིམས་འགལ་ཐོག་ནས་ཡུ་ཀེ་རེན་གྱི་ཤར་ཕྱོགས་མངའ་སྡེ་ཌོ་ནི་ཏིསྶག་དང་། ལུ་ཧན་སག ཛབ་པོ་རིཛ་ཛི་ཡ། ཁེར་སོན་བཅས་བཞི་ཨུ་རུ་སུའི་ས་ཁུལ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། པུ་ཊིན་གྱིས་ཉེ་དུས་ཕྱི་ཟླ་༦པའི་ནང་གསལ་བསྒྲགས་བྱས་སྐབས་ཞི་བདེའི་གྲོས་མོལ་འགོ་འཛུགས་བྱ་རྒྱུར་རྡོ་ནི་ཏིསྶག ལུ་ཧན་སག ཛབ་པོ་རིཛ་ཛི་ཡའི་ནང་ཡུ་ཀེ་རེན་གྱི་དམག་མི་ལྷག་འཕྲོས་ཡོད་པ་རྣམས་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་པའི་དགོས་འདུན་བཏོན་ཡོད།

དམག་དོན་ཐབས་བྱུས་དང་འབྲེལ་བའི་རྒྱལ་སྤྱིའི་ཉམས་ཞིབ་ལས་ཁང་གི་ཞིབ་འཇུག་པ་སྐུ་ཞབས་ནི་གྷེལ་གྱིས་གསུངས་ན། ཨུ་རུ་སུས་ཡུ་ཀེ་རེན་གྱི་དམག་མི་རྣམས་ཀུར་ས་མངའ་སྡེ་ནས་ཕྱིར་འབུད་གཏང་དགོས་ཀྱི་ཡོད་ཀྱང་ཨུ་རུ་སུས་ཡུ་ཀེ་རེན་གྱི་མངའ་སྡེ་རྡོན་བྷཱ་སེ་ནས་སོ་སོའི་དམག་མི་རྣམས་ཕྱིར་འཐེན་བྱས་ཏེ་ཀུར་ས་ལ་ཁ་བསྒྱུར་བྱ་རྒྱུར་ཡིད་ཟབ་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུའི་བསམ་པར་ཁོང་ཚོས་ཡུ་ཀེ་རེན་གྱི་མངའ་སྡེ་རྡོན་བྷཱ་སེ་དབང་བསྒྱུར་བྱ་རྒྱུར་གནོད་སྐྱོན་དོ་ཕོགས་གང་ཡང་མ་བཏང་བའི་སྒོ་ནས་ཡུ་ཀེ་རེན་གྱི་དམག་མི་རྣམས་ཀུར་ས་མངའ་སྡེ་ནས་མཐར་སྤྲོད་བཏང་ཐུབ་བའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག

ཡུ་ཀེ་རེན་གྱི་ཉེ་ལམ་འདི་ཟླའི་ཚེས་༦ཉིན་ཨུ་རུ་སུའི་མངའ་སྡེ་ཀུར་སའི་ནང་བཙན་འཛུལ་དཔུང་འཇུག་བྱས་ཡོད་ནའང་། ཨུ་རུ་སུས་ཡུ་ཀེ་རེན་གྱི་མངའ་སྡེ་ཌོ་ནི་ཏིསྶག་གྱི་གྲོང་ཁྱེར་པོག་རོ་ཝསྶག་བཙན་བཟུང་བྱེད་ཐབས་བྱས་སྐབས་སོ་སོའི་དམག་མི་ཀུར་ས་ལ་ཁ་བསྒྱུར་བྱས་མེད་པ་དེས་ཨུ་རུ་སུས་དང་པོ་ཡུ་ཀེ་རེན་གྱི་མངའ་སྡེ་རྡོབ་བྷཱ་སེ་ཆ་ཚང་བཙན་བཟུང་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་པ་གཏན་འབེབས་བྱེད་ཀྱི་ཡོད་པ་རེད།

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ།་ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG