༄༅།། ཁ་སྔོན་ཕྱི་ཟླ་༡༢་པའི་ཚེས་༨་ཉིན་ཨ་ས་ད་ཕ་བུ་གཉིས་ཀྱིས་སི་རི་ཡར་ལོ་༥༠་ལྷག་ལ་དབང་བསྒྱུར་བྱས་པའི་དུས་སྐབས་དེ་མཇུག་བསྒྲིལ། སི་རི་ཡའི་གྱེན་ལོག་པ་ཚོས་ཕྱི་ཚེས་༧་ཉིན་ཌ་མ་སི་ཀའི་ཕྱོགས་སུ་དཔུང་འཇུག་བྱས་ནས་རྒྱལ་ས་ལེན་རྒྱུ་ཡིན་པ་ངོ་འཕྲོད། སྲིད་འཛིན་ཕོ་བྲང་གི་ལས་སྣེ་ཚོས་ཨ་ས་དས་གཏམ་བཤད་བྱས་ཏེ་ལོ་༡༣་ལ་ལངས་པའི་སི་རི་ཡའི་ནང་འཁྲུག་དེ་ཞི་བའི་སྒོ་ནས་མཇུག་བསྒྲིལ་དུ་འཇུག་རྒྱུའི་རེ་ལྟོས་བཅངས། ཕྱི་ཟླ་༡༢་པའི་ཚེས་༢༡་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་འཛིན་ཨ་ས་དའི་མཐོ་རིམ་ལས་སྣེ་ཚོས་གཏམ་བཤད་ཀྱི་ནང་དོན་ལ་བསམ་ཞིབ་བྱས་ནས་བརྙན་འཕྲིན་པར་ཆས་བསྒྲིགས་ཏེ་གློག་རྣམས་སྦར། སི་རི་ཡའི་རྒྱལ་ཡོངས་བརྙན་འཕྲིན་ཁང་གིས་སྲིད་འཛིན་ཨ་ས་དའི་གཏམ་བཤད་རྒྱང་སྲིང་བྱ་རྒྱུར་བསྒུགས། ཁོ་ཚོས་ཨ་ས་དས་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་ལ་སྲིད་དབང་ཆ་བགོ་བྱེད་ཆོག་ཅེས་གསལ་བསྒྲགས་བྱ་རྒྱུའི་ཚོད་དཔག་བྱས། དགོང་མོ་དེར་ཨ་ས་ད་ལྐོག་ཏུ་སི་རི་ཡའི་བྱང་ཕྱོགས་སུ་ཡོད་པའི་ར་ཤི་ཡའི་དམག་སྒར་དུ་བསྐྱོད་ནས་མོ་སི་ཀོར་བྲོས།།
ཨ་ས་ད་བྲོས་བྱོལ་དུ་མ་ཕྱིན་གོང་གི་ཆུ་ཚོད་འགའ་ཞིག་གི་སྔོན་དེར་སང་ཞོགས་རྒྱལ་སྲུང་ལྷན་ཁང་དང་བདེ་འཇགས་ལས་ཁུངས་ཁག་གི་འགོ་ཁྲིད་སོགས་དམག་དཔོན་༣༠་ཐམ་པ་ཚོགས་འདུར་བསྐོང་རྒྱུ་ཡིན། ར་ཤི་ཡའི་དཔུང་གྲོགས་འབྱོར་གྲབས་ཡོད། སི་རི་ཡའི་གཞུང་དམག་གིས་རང་ས་བཟུང་སྟེ་གྱེན་ལོག་པ་རྣམས་འགོག་དགོས་ཞེས་བཀའ་ཕབ། གཟའ་སྤེན་པའི་དགོང་མོ་དེར་ཨ་ས་ད་ལས་ཁུངས་གྲོལ་བའི་རྗེས་སུ་ཁྱིམ་དུ་ལོག་གི་ཡོད་ཅེས་སྲིད་འཛིན་ཕོ་བྲང་གི་སྤྱི་གཉེར་ལ་མགོ་སྐོར་བཏང་ནས་གནམ་ཐང་དུ་བསྐྱོད། ཨ་ས་དས་སྲིད་འཛིན་ཕོ་བྲང་གི་གསར་འགོད་སློབ་སྟོན་པ་བྷུ་ཐེ་ན་ཤཱ་བྷན་(Buthaina Shaaban)་ལ་ཁ་པར་བཏང་སྟེ་ཁྱོད་ངའི་ཁྱིམ་དུ་ཤོག ང་ལ་གཏམ་བཤད་ཅིག་འབྲི་དགོས་ཀྱི་འདུག་ཅེས་མངགས། གསར་འགོད་སློབ་སྟོན་པ་ཨ་ས་དའི་ཁྱིམ་དུ་འབྱོར་བ་ན་ཁང་སྟོང་ལས་མེད།།
རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ས་དའི་མཐའ་མཇུག་གི་སྲིད་བློན་མྷོ་མེ་ད་ཇཱ་ལཱ་ལིས་(Mohammed Jalali)་གསར་འགོད་པ་ཚོར་གཟའ་སྤེན་པའི་དགོང་མོའི་ཆུ་ཚོད་༡༠་དང་ཕྱེད་ཀའི་སྟེང་དུ་ངས་ཨ་ས་ད་ལ་ཁ་པར་བཏང་སྟེ་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་བཞིན་འདུག ཧོམ་སི་དང་ལཱ་ཏ་ཀི་ཡ་སོགས་ནས་མི་མང་སྟོང་ཕྲག་མང་པོ་ཉེན་བྱོལ་དུ་ཡོང་གི་འདུག མང་ཚོགས་ལ་དངངས་སྐྲག་ལངས་ནས་སྲང་ལམ་ཁག་ཏུ་ཟིང་ཆ་འབྱུང་གི་འདུག་ཅེས་ཞུས་པ་ཡིན། ཨ་ས་དས་སང་ཉིན་ཅི་ཞིག་བྱ་དགོས་མིན་བལྟ་དགོས། སང་ཉིན། སང་ཉིན་ཞེས་ང་ལ་ལན་འདེབས་བྱས་བྱུང་། དེ་ནི་ངས་ཨ་ས་དའི་སྐད་ངག་ཐོས་པ་ཐ་མ་དེ་ཡིན་ཞེས་བཀྲལ། ཨ་ས་ད་བྲོས་བྱོལ་དུ་འགྲོ་འཆར་ཡོད་པ་སྲིད་འཛིན་ཕོ་བྲང་གི་ལས་སྣེ་ཚོར་བཤད་རྒྱུ་ལྟ་ཞོག ཐ་ན་འཐབ་འཁོར་དྲག་གྲས་དཔུང་སྡེ་༤་པའི་བཀོད་འདོམས་པ་གཅུང་པོ་མ་ཧེར་ཨལ་ཨ་ད་(Maher al-Assad)་ལའང་གསངས།།
ཨ་ས་དའི་སྲིད་གཞུང་མགོ་རྟིང་མ་བསློགས་པའི་ཉིན་ཤས་སྔོན་དུ་བཟའ་ཟླ་ཨ་སི་མ་དང་ཕྲུ་གུ་༣་ར་ཤི་ཡར་བཏང་སྟེ་བུ་རྒན་པས་མོ་སི་ཀོ་རྒྱལ་གཉེར་སློབ་གྲྭ་ཆེན་མོར་འབུམ་རམས་པའི་དམ་བཅའ་བཞག་པའི་མཛད་སྒོར་ཞུགས། དགོང་མོ་དེར་ཨ་ས་ད་བྲེལ་འཚུབ་ངང་དུ་བྲོས་པའི་རྟགས་མཚན་མངོན། སི་རི་ཡའི་གྱེན་ལོག་པ་ཚོ་སྲིད་འཛིན་ཕོ་བྲང་དུ་འབྱོར་བའི་སྐབས་དེར་ཐབ་སྟེང་དུ་བཟའ་བཏུང་གཡོ་སྐོལ་བྱས་ཡོད་པ་རྣམས་རང་སོར་བཞག་ཡོད་པ་དང་ཁྱིམ་ཚང་གི་བཟའ་མི་ཚོའི་འདྲ་པར་སོགས་ཤུལ་དུ་བསྐྱུར། སི་རི་ཡའི་གྱེན་ལོག་པ་ཚོས་རྒྱལ་ས་བླངས་མ་ཐག་ཏུ་ཨ་ས་དའི་གཅུང་པོ་ཐད་འཕུར་གནམ་གྲུའི་ནང་དུ་ཨི་རཀ་ལ་བྲོས། ཁོ་པ་ཨི་རཀ་ནས་ར་ཤི་ཡར་བྲོས་ཏེ་སྲོག་མགོ་ཐར་ཙམ་བྱུང་ཞིང་། ཡིན་ནའང་ཨ་ས་དའི་ཨ་མའི་ཕྱོགས་ཀྱི་གཉེན་ཚན་ཨེ་ཧབ་དང་ཨི་ཡ་ད་མཀ་ཧོབ་གཉིས་རླངས་འཁོར་ནང་དུ་ལེ་བྷ་ནན་ལ་བྲོས་ཀྱང་ས་མཚམས་སུ་གྱེན་ལོག་པས་འཇབ་སྒུག་བྱས་ནས་ཨེ་ཧབ་བསད་པ་དང་ཨི་ཡ་ད་རྨས།།
ཨ་རབ་ལེགས་བཅོས་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་ན་དིམ་ཧོ་རིས་(Nadim Houri)་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨ་ས་དས་གཞུང་དམག་ལ་འཐབ་རྒོལ་བྱོས་ཞེས་སྐུལ་ལྕག་ཙམ་ཡང་བཏང་མེད་པ་དང་ཁོ་པས་འཛིང་གྲབས་ཤིག་ཀྱང་མི་འདུག་ཟེར། སི་རི་ཡའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཧ་དི་ཨལ་བྷ་རས་(Hadi al-Bahra)་༢༠༡༥་ལོར་ར་ཤི་ཡ་དང་ཨི་རན་གཉིས་ཀྱིས་ཨ་ས་ད་བསྐྱབས་པ་རེད། ད་ཐེངས་ར་ཤི་ཡ་དང་ཨི་རན་གཉིས་ཀྱིས་སྐྱོབ་ཐུབ་མེད་ཅིང་། ཨ་ས་དས་རང་གི་དམག་དཔོན་ཚོར་ར་ཤི་ཡ་ནས་དཔུང་གྲོགས་ཡོང་གི་ཡོད་ཟེར་ནས་མགོ་སྐོར་བཏང་བ་རེད་ཅེས་བཤད་འདུག ཉམས་ཞིབ་པ་ཚོས་ལོ་ཤས་གོང་དུ་ལི་བི་ཡའི་འགོ་ཁྲིད་གྷ་དྷ་ཧྥི་མང་ཚོགས་ཀྱིས་དམར་གསོད་བྱས་པ་དང་ཨི་རཀ་གི་འགོ་ཁྲིད་ས་ཏམ་ཧུ་སེན་ལ་ཁྲིམས་ཐག་བཅད་ནས་བསད་པ་སོགས་ཀྱི་ཉམས་མྱོང་གིས་ཨ་ས་ད་གསང་བའི་ཐོག་ཏུ་ར་ཤི་ཡར་བྲོས་པ་རེད་ཅེས་གླེང་།།
ནེའུ་ཡོཀ་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། བྷ་ཤར་ཨལ་ཨ་ས་ད་བྲོས་བྱོལ་དུ་ཕྱིན་ནས་ཆུ་ཚོད་འགའ་ཞིག་གི་རྗེས་སུའང་སྲིད་འཛིན་ཕོ་བྲང་གི་ལས་སྣེ་ཚོ་ལས་ཁུངས་སུ་བསྡད། ཁོ་ཚོས་ཨ་ས་དའི་རྒྱལ་ཡོངས་ལ་གཏམ་བཤད་བྱ་རྒྱུར་བསྒུགས་ཀྱང་གཏམ་བཤད་བྱེད་མཁན་མ་བྱུང་། མཚན་གུང་ཡོལ་བའི་སྐབས་དེར་སྲིད་འཛིན་ཨ་ས་ད་བྲོས་བྱོལ་དུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་སྟེ་ལས་བྱེད་པ་ཚོས་རྒྱལ་སྒོ་ཕྱེ་ནས་རང་ཁྱིམ་དུ་ལོག ཆུ་ཚོད་ཁ་ཤས་རྗེས་སུ་གྱེན་ལོག་པ་ཚོ་སྲིད་འཛིན་ཕོ་བྲང་དུ་ལྷགས། སི་རི་ཡ་རྒྱལ་ཡོངས་སུ་ཨ་ས་དའི་སྲིད་དབང་ཤོར་བར་དགའ་སྟོན་ཚུགས། དཀྱིལ་ཤར་ས་ཁུལ་ཡོངས་སུ་ངེས་གཏན་མེད་པའི་དུས་སྐབས་ཤིག་ཤར། ཨ་ས་དའི་མཐའ་མཇུག་གི་ཉིན་ཤས་སྔོན་དུའང་ར་ཤི་ཡ་དང་ཨི་རན། ཨི་རཀ་བཅས་ལ་དམག་རོགས་གཏོང་དགོས་པའི་འབོད་སྐུལ་ཞུས་ཀྱང་རྒྱལ་ཁབ་དེ་དག་གིས་སི་རི་ཡར་དཔུང་གྲོགས་བཏང་མེད་པས་བྱ་ཐབས་ཟད།།
སྲིད་འཛིན་ཕོ་བྲང་གི་ལས་སྣེ་ཞིག་གིས་ཨ་ས་དས་རང་གི་བདེ་འཇགས་དོན་དུ་གཤམ་འོག་གི་ལས་སྣེ་ཚོ་བློས་བཏང་བ་རེད། ང་ནི་གྱེན་ལོག་པའི་ལག་ཏུ་མ་ཚུད་ཙམ་བྱུང་སོང་། ཨ་ས་ད་ཟེར་བའི་མི་དེ་འདི་འདྲིའི་ཁྲེལ་མེད་ཅིག་ཡིན་རྒྱུ་རེད་བསམས་མེད་ཅེས་བཤད་པར་མ་ཟད། སྲིད་འཛིན་ཕོ་བྲང་གི་ལས་སྣེ་དེ་སི་རི་ཡའི་དབང་བསྒྱུར་བ་གསར་པ་ཚོར་སྐྲག་ནས་ཡིབ་སྟེ་འདུག་དགོས་པར་གྱུར། ཨ་ས་ད་ལ་ནང་ཁུལ་གྱི་སྙན་ཞུ་འབྱོར་བ་དེ་དག་གི་ནང་དུ་གྱེན་ལོག་པ་ཚོས་ལྷོ་ཕྱོགས་ཀྱི་ས་ཆ་རྣམས་བླངས་ཏེ་རྒྱལ་སའི་ཕྱོགས་སུ་ཡོང་གི་འདུག ཆུ་ཚོད་འགའ་ཤས་ནང་དུ་རྒྱལ་སར་འབྱོར་ས་རེད་ཅེས་འཁོད། སྲིད་འཛིན་ཕོ་བྲང་གི་ནང་ཚགས་ཤིག་གིས་ཨ་ས་ད་དང་མཐོ་རིམ་ལས་སྣེ་ཚོས་ཛ་དྲག་ཆེ་ཆུང་དེ་ངོས་མ་ཟིན། ཁོ་ཚོས་རྒྱལ་ས་འཆོར་རྒྱུ་ཡིན་པ་མ་ཤེས་པར་ཨ་ས་དས་གཞུང་དམག་ལ་རྒྱབ་སྐྱོར་བྱས་ནས་མང་ཚོགས་སྐུལ་སློང་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད་ཅེས་གནས་ཚུལ་མཁོ་སྤྲོད་བྱས་འདུག
སྲིད་འཛིན་ཕོ་བྲང་གི་ཁྱིམ་མཚེས་ཤིག་གིས་ཕྱི་ཟླ་༡༢་པའི་ཚེས་༨་ཀྱི་ཐོ་རེངས་སུ་སྐུ་སྲུང་ཚོས་ཨ་ས་ད་བྲོས་ཟིན་པ་དང་གྱེན་ལོག་པ་རྣམས་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་། ཁོ་ཚོས་ཕན་ཚུན་ཕྲོས། ཕྲོས། གྱེན་ལོག་པ་ཚོ་ཡོང་གི་འདུག ཨ་ས་དས་ང་ཚོ་བསྐྱུར་ནས་བྲོས་འདུག ཁོ་པར་དཀོན་མཆོག་གི་བཀའ་ཆད་འཕོག་པར་ཤོག་ཅེས་དམོད་པ་འཛུགས་ཀྱི་ཡོད་པ་གོ་ཐོས་བྱུང་སོང་ཞེས་གསར་འགོད་པར་བཤད། སི་རི་ཡའི་དམག་མི་ཟུར་པ་ཞིག་གིས་ང་ཚོར་རྒྱལ་ས་བསྲུངས་ནས་སྡོད་ཅེས་རྒྱལ་སྲུང་ལྷན་ཁང་གི་བཀོད་ཁྱབ་འབྱོར་བྱུང་། དམག་མི་ཚོས་ཁ་པར་ནང་དུ་ཕན་ཚུན་དམག་ཆས་ཕུད་དེ་ཕྲོས་ཞེས་འཕྲིན་ཐུང་སྐུར་གྱི་འདུག སི་རི་ཡའི་གསང་བའི་ལས་ཁུངས་ཀྱིས་ཡིག་ཆ་དང་ཡིག་སྣོད། འོད་སྡེ་རྣམས་མེར་བསྲེགས་ནས་གསང་བའི་ཡིག་ཆ་རྣམས་གྱེན་ལོག་པའི་ལག་ཏུ་མ་ཤོར་བ་བྱེད་ཀྱི་འདུག སྐབས་དེར་ང་དང་འཐབ་གྲོགས་ཚོ་དམག་ས་ནས་མ་བསྡད་པར་བྲོས་པ་ཡིན། ཨ་ས་ད་བྲོས་བྱོལ་དུ་འགྲོ་རྒྱུ་རེད་གཏན་ནས་དྲན་མེད་ཅེས་བཤད་འདུག