༄༅།། སི་རི་ཡའི་སྲིད་འཛིན་ཨ་ས་དའི་སྲིད་གཞུང་མགོ་རྟིང་བསློགས་ཏེ་ཨི་རན་གྱི་བདེ་འཇགས་ལ་གལ་གནད་ཆེ་བའི་ཀ་ཆེན་ཞིག་འགྱེལ། ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཝོལ་སི་ཊི་རི་ཊི་འཇར་ནལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་རན་གྱིས་དུས་རབས་ཕྱེད་ཀ་ཙམ་ལ་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་སྟེ་ཡུལ་དམག་བཙུགས། ཨི་རན་ལ་ཕྱི་ནས་རྒོལ་རྡུང་འབྱུང་སྲིད་པ་འགོག་ཐབས་སུ་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་བྱས་ནས་ཆབ་སྲིད་དང་དམག་དོན་གྱི་ཤུགས་རྐྱེན་ཁྱབ་ཐུབ་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ཉེ་བའི་བདུན་ཕྲག་རེ་ཟུང་ནང་དུ་ཨི་རན་གྱིས་བཙུགས་པའི་མཉམ་འབྲེལ་སྒྲིག་འཛུགས་ཁག་གཅིག་རྗེས་གཉིས་མཐུད་དུ་ཐོར། བྷ་ཤར་ཨལ་ཨ་ས་དའི་སྲིད་གཞུང་མེད་པར་གྱུར་པ་ནི་ཨི་རན་ལ་འཐབ་ཇུས་ཀྱི་ཆག་སྒོ་ཆེན་པོ་ཞིག་དང་ལོ་མང་གི་བདེ་འཇགས་སྲིད་ཇུས་རྙིང་པ་དེར་བསྐྱར་ཞིབ་བྱ་དགོས་པའི་དུས་སུ་བསླེབས།།
༢༠༠༣་ལོར་ཨ་མི་རི་ཀས་ཨི་རག་ལ་དམག་བརྒྱབ་ནས་ས་ཏམ་ཧུ་སེན་གྱི་སྲིད་གཞུང་མགོ་རྟིང་བསློགས་པ་དང་ཨི་རན་ལ་སྟོབས་ཤུགས་རྒྱས་ཐུབ་པའི་གོ་སྐབས་ཐོབ། ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གློ་བུར་དུ་རྒོལ་རྡུང་བྱས་ནས་དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ལངས། ཨི་སི་རལ་གྱིས་ཕར་རྒོལ་བྱས་ནས་ཨི་རན་གྱི་མཐུན་གྲོགས་ཧ་མ་སི་ཤོག་ཁག་རྨེག་མེད་དུ་བཅོམ། ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་གི་འགོ་ཁྲིད་བསད་པ་དང་སྒྲིག་འཛུགས་དེ་ནུས་མེད་དུ་སོང་། དེང་སྐབས་ཧི་ཛི་བྷུ་ལཱ་འཇབ་དམག་གི་འགོ་ཁྲིད་ལྷག་འཕྲོ་རྣམས་སྐུང་ནས་འདུག་དགོས་པས་ཨི་རན་ལ་གྱོང་གུད་ཤིན་ཏུ་ཆེ། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨི་རན་ལ་སྲིད་ཇུས་མཁྲེགས་པོ་འཛིན་རྒྱུ་ཡིན་ཞེས་ངར་སྐད་སྒྲོགས་ཀྱི་ཡོད་པས་ཁ་ཆེའི་ཆོས་ལུགས་རྩ་འཛིན་གྱི་རྒྱལ་ཁབ་དེར་སྔར་ལས་དཀའ་ངལ་འཕྲད་རྒྱུའི་རྣམ་པ་ཞིག་ཐོན།།
རྒྱལ་སྤྱིའི་ཛ་དྲག་ཞིབ་འཇུག་ཁང་གི་འགན་འཛིན་ཨ་ལི་ཝེ་ཛིས་(Ali Vaez)་ནས་ཨི་རན་གྱིས་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་རྒོལ་རྡུང་བྱས་པ་དེ་ལོ་རྒྱུས་ཀྱི་འགྱུར་མཚམས་ཤིག་ཏུ་འགྱུར་རྒྱུའི་རྩིས་བརྒྱབ་པར་སྣང་། ཡིན་ནའང་ཨི་རན་གྱིས་རེ་བ་བཅངས་པ་ལྟར་མ་བྱུང་བར་ལྡོག་ཕྱོགས་ཀྱི་འབྲས་བུ་ཞིག་སྨིན། ཨི་རན་ནུབ་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཡུལ་རྣམས་འཕྲོ་རིམ་འཕྲོར་ཤོར། ཧི་ཛི་བྷུ་ལཱ་མེད་ན་གྱེན་རྒོལ་གྱི་སྲོག་ཤིང་མེད་པ་ལྟར་དུ་གྱུར་པ་རེད། ཨི་རན་གྱིས་རྒྱབ་སྐྱོར་བྱས་ནས་ཧི་ཛི་བྷུ་ལཱ་རྒྱལ་ཁབ་ཀྱི་དམག་དཔུང་མ་ཡིན་པའི་འཛམ་གླིང་གི་དྲག་པོའི་སྒྲིག་འཛུགས་མཆོག་ཏུ་གྱུར་པ་ཞིག་ཏུ་བསྒྱུར། ཨི་རན་གྱི་སྟོབས་ཤུགས་ཉམས་པའི་ཞོར་དུ་ཆོས་ལུགས་པ་སྲིད་དབང་འཛིན་མཁན་རྣམས་ཀྱང་ལོ་ན་རྒས། ལོ་རྗེས་མར་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎི་(Ayatollah Ali Khamenei)་ལོ་༨༦་ལ་སླེབས་ཀྱི་ཡོད་པ་དང་རྒྱལ་ནང་དུ་སྲིད་གཞུང་གི་སྙན་གྲགས་ཉམས། ཨི་རན་གྱི་དགྲ་བོ་ཨི་སི་རལ་གྱི་སྟོབས་ཤུགས་རྒྱས་པ་རེད་ཅེས་ལྟ་ཚུལ་བརྗོད།།
ཨི་རན་ཅི་ཙམ་གྲོགས་མེད་ཁེར་རྐྱང་དུ་ལུས་ན་དེ་ཙམ་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་ཇེ་མགྱོགས་སུ་གཏོང་སྲིད། འདས་པའི་ཟླ་ཤས་ནང་ཨི་རན་གྱི་འགོ་ཁྲིད་ཚོས་ཨ་ཡ་ཏོ་ལས་གཏོར་ཚབས་ཆེ་བའི་མཚོན་ཆ་བཟོ་རྒྱུ་མིན་པའི་ཁས་ལེན་བྱས་ནས་ལོ་བཅུ་ཕྲག་གཉིས་འགྲོ་བཞིན་པའི་སྲིད་ཇུས་དེ་འགྲི་གི་མི་འདུག་ཅེས་གླེང་སློང་བྱུང་། བདུན་ཕྲག་སྔོན་མར་ཨ་རིའི་གསང་བའི་ལས་ཁུངས་ནས་ཨི་རན་གྱིས་རྡུལ་ཕྲན་འབར་མདེལ་བཟོ་རྒྱུའི་ཉེན་ཁ་ཆེ་རུ་ཕྱིན་འདུག་ཅེས་སྙན་ཐོ་བཏོན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྡུལ་ཕྲན་ནུས་ཤུགས་ལས་ཁུངས་ནས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆའི་རྒྱུ་ཆ་ཡུ་རེ་ནིམ་དྭངས་སེལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག་ཅེས་བསྟན། ད་ལྟ་ཧ་མ་སི་དང་ཧི་ཛི་བྷུ་ལཱ་ཤོག་ཁག་གཉིས་རྩ་མེད་བཏང་ཡོད་པས་གནས་སྐབས་རིང་ཨི་སི་རལ་ལ་ཉེན་ཁ་མེད་པར་གྱུར་མོད། གལ་སྲིད་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོས་ན་ཨི་སི་རལ་གྱི་བདེ་འཇགས་ལ་ཧ་མ་སི་དང་ཧི་ཛི་བྷུ་ལཱ་ལས་ཀྱང་ཉེན་ཁ་ཆེ་རུ་འགྲོ་རྒྱུའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༡༢་པའི་ཚེས་༩་ཉིན་དར་འཕྲིན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨི་རན་གྱི་དམག་དཔོན་ཚོའི་ནང་ཁུལ་དུ་སི་རི་ཡའི་སྲིད་འཛིན་བྷ་ཤར་ཨལ་ཨ་ས་དའི་སྲིད་གཞུང་སྐྱོབ་མ་ཐུབ་པའི་ལན་ཁག་སུ་ལ་ཡོད་མེད་ཕན་ཚུན་ལེ་བདའ་བྱེད་རེས་སམ། ཡང་ན་རྩིག་གྱང་ལ་ཁུ་ཚུར་གཞུས་པ་དང་གད་སྙིགས་ཀྱི་ལྕགས་ཀྲིན་ལ་རྡོག་ཐོས་བརྒྱབ། ཁོ་ཚོས་ཕན་ཚུན་འཛིང་རེས་མ་བྱས་ཙམ་གྱི་རྩོད་པ་འབྱུང་གི་ཡོད་ཅིང་། ལོ་བཅུ་ཕྲག་ལྷག་ལ་ཨི་རན་གྱིས་བྷ་ཤར་ཨལ་ཨ་ས་དའི་སྲིད་གཞུང་བརྟན་ཐབས་ཁོ་ནར་འབད། དེ་ནི་ཨི་རན་སྲིད་འཛིན་ཨ་ས་ད་ལ་དགའ་བ་མིན་རུང་ཨི་སི་རལ་གྱི་ཁ་གཏད་གཅོག་རྒྱུ་དང་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་པར་སི་རི་ཡ་དགོས་ངེས་སུ་གྱུར། བདུན་ཕྲག་འདིར་ཨ་ས་དའི་སྲིད་གཞུང་མགོ་རྟིང་སློག་རྒྱུ་ཡིན་པ་སུ་གཅིག་གིས་སྔོན་དཔག་མ་ཐུབ་པར་རྩོད་གླེང་ཆེན་པོ་བྱུང་།།
༢༠༡༡་ལོར་སི་རི་ཡར་ནང་འཁྲུག་ལངས་པའི་རྗེས་སུ་ཨི་རན་གྱིས་ཨ་སྒོར་དུང་ཕྱུར་མང་པོ་འགྲོ་གྲོན་བཏང་ནས་སྲིད་འཛིན་ཨ་ས་དའི་གཞུང་ལ་རྒྱབ་སྐྱོར་བྱས་ཤིང་། ཨི་རན་གཞུང་གིས་ཡེ་མན་གྱི་ཧུ་ཐི་གྱེན་ལོག་པ་ཚོ་ལའང་རྒྱབ་སྐྱོར་བྱས་ཀྱང་ཨ་རི་དང་དབྱིན་ཇིའི་གནམ་དམག་གིས་རྒོལ་རྡུང་བྱས་ནས་ཧུ་ཐི་གྱེན་ལོག་པ་རྣམས་མགོ་བོ་མནན། སི་རི་ཡ་ཤོར་བ་ནི་ཨི་རན་ལ་གསབ་ཐབས་མེད་པའི་གྱོང་གུད་ཅིག་ཡིན་པ་སྟེ། ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གི་འགོ་ཁྲིད་ཅིག་གིས་སི་རི་ཡ་བརྒྱུད་ནས་ཧི་ཛི་བླུ་ལཱ་འཇབ་དམག་ལ་མཚོན་ཆ་གཏོང་ས་མེད་པར་གྱུར་པ་རེད། ད་ནས་དཀའ་ངལ་འདི་ཇི་ལྟར་སེལ་དགོས་མིན་གྲོས་སྡུར་བྱེད་ཀྱི་ཡོད། མཚོན་ཆ་སྐྱེལ་འདྲེན་སོགས་ལ་བསམ་བློ་གཏོང་གི་མེད། མི་ཚང་མ་སི་རི་ཡའི་སྲིད་གཞུང་མགོ་རྟིང་བསློགས་པ་དེ་བློ་ཡུལ་དུ་མ་ཤོང་བར་བསྡད་འདུག མི་ཁག་ཅིག་གིས་ཨི་རན་གྱི་གསར་བརྗེའི་སྲུང་དམག་བཀོད་འདོམས་པ་དམག་སྤྱི་ཨི་ཤི་མ་ཡིལ་གྷ་ཎིས་སི་རི་ཡའི་གཞུང་དམག་ཁ་འཐོར་དུ་བཅུག་པའི་སྐྱོན་འཛུགས་བྱེད་ཀྱི་འདུག་ཅེས་བཀྲལ།།
སང་ཉིན་གཟའ་ལྷག་པའི་ཉིན་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལས་རྒྱལ་ཡོངས་བརྙན་འཕྲིན་ཐོག་ཏུ་མངའ་ཁུལ་དེར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་བའི་སྐོར་གཏམ་བཤད་བྱ་འཆར་ཡོད་པར་མ་ཟད། ཨི་རན་གྱི་གསར་འགྱུར་ལས་ཁང་གིས་ཨ་ཡ་ཏོ་ལས་སི་རི་ཡར་མཛའ་འབྲེལ་རྒྱུན་འཁྱོངས་བྱ་རྒྱུ་སོགས་གཏམ་བཤད་འཇམ་པོ་བྱ་འཆར་ཡོད་པ་རེད་ཟེར། དེ་བཞིན་ཨི་རན་གྱི་ཕྱི་སྲིད་ལྷན་ཁང་གིས་སི་རི་ཡ་དང་ཨི་རན་གཉིས་ལ་ལོ་རྒྱུས་ཀྱི་འབྲེལ་བ་བཟང་པོ་ཞིག་ཡོད། ད་དུང་ཡང་འབྲེལ་བ་དེ་རྒྱུན་འཁྱོངས་བྱེད་ཐུབ་པའི་རེ་བ་ཡོད་ཅེས་གསལ་བསྒྲགས་སྤེལ། ཨ་རིན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གི་ལས་སྣེ་ཚོས་དམག་སྤྱི་གྷ་ཎི་འཕོ་འགྱུར་གཏོང་རྒྱུའི་རྟགས་མཚན་མངོན། མི་མང་པོས་དམག་སྤྱི་གྷ་ཎ་འཕོ་འགྱུར་ཐོངས་ཞེས་ཨ་ཡ་ཏོ་ལར་གནོན་ཤུགས་སྤྲོད་ཀྱི་འདུག ཉེ་ཆར་སི་རི་ཡའི་གྱེན་ལོག་པ་རྣམས་རྒྱལ་ས་ཌ་མ་སི་ཀའི་ཕྱོགས་སུ་དཔུང་སྐྱོད་བྱེད་ཀྱི་ཡོད་པའི་སྐབས་དེར་ཨ་ཡ་ཏོ་ལོས་ཨི་རན་གྱི་དམག་དཔོན་རྣམས་ཐེངས་འགའ་ཞིག་བསྐོངས་བ་རེད་ཅེས་བཤད།།
ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སི་རི་ཡའི་ས་ཐོག་ཏུ་ཨི་རན་བ་ཁྲི་ཚོ་༡་ལྷག་གནས་སྡོད་བྱེད་བཞིན་པ་དེ་དག་གི་ཁོངས་ནས་མི་༤༠༠༠་ལྷག་ཨི་རན་ལ་བླངས་ཟིན་ཞིང་། ཨི་རན་གཞུང་གིས་རང་གི་སྤྱི་དམངས་རྣམས་སི་རི་ཡའི་ནང་དུ་མ་བཞག་པར་རང་ཡུལ་དུ་ལེན་རྒྱུ་ཡིན་ཞེས་བསྒྲགས། སི་རི་ཡའི་གྱེན་ལོག་པ་ཚོར་རྒྱལ་ཁ་ཐོབ་རྒྱུའི་རྣམ་པ་ཐོན་པའི་རྗེས་སུ་ཨི་རན་གྱིས་ས་རི་ཡའི་སྲིད་འཛིན་ཨ་ས་ད་ལ་རྒྱབ་སྐྱོར་བྱེད་མཁན་དམག་དཔུང་འགྲེམ་འཇོག་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱས། གཟའ་ཉི་མའི་ཉིན་སི་རི་ཡའི་མང་ཚོགས་ཀྱིས་རྒྱལ་ས་ཌ་མ་སི་ཀར་བཅའ་སྡོད་ཨི་རན་གྱི་གཞུང་ཚབ་ཁང་མེར་བསྲེགས། ཨི་རན་གྱི་མི་མང་དཀྱུས་མ་ཚོས་སི་རི་ཡའི་སྲིད་འཛིན་ཨ་ས་ད་སྲིད་སྟེགས་ནས་ལྷུང་བར་དགའ་བསུ་ཞུས། མི་དམངས་ཀྱིས་རྒྱབ་སྐྱོར་མེད་པའི་ཨི་རན་གྱི་ཆོས་ལུགས་འགོ་ཁྲིད་ཚོ་ཡང་མགོ་རྟིང་སློག་ཐུབ་པར་ཤོག་ཅེས་སྨོན་ལམ་བཏབ་ནས་དགའ་སྟོན་ཚུགས་སོ།།
གླེང་སྟེགས།