ཡུཀ་རེན་གྱི་བུད་མེད་རྣམས་དམག་སར་བསྐྱོད་ནས་འཐབ་འཁྲུག་ལ་ཞུགས།

དམག་ཆས་གསར་པ་གྱོན་པའི་བུད་མེད་དམག་མིའི་སློབ་ཕྲུག

༄༅།། ཡུཀ་རེན་གྱི་དམག་འཁྲུག་ནི་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཡུ་རོབ་གླིང་དུ་བྱུང་མྱོང་མེད་པའི་འཐབ་འཁྲུག་ཆེན་པོ་ཞིག་ཡིན་ཞིང་། འདས་པའི་ལོ་གཉིས་མ་ཟིམ་ཙམ་གྱི་རིང་དེར་ཨུ་རུ་སུ་དང་ཡུཀ་རེན་གཉིས་ཀྱི་སྐྱེས་པ་ཁྲི་ཚོ་མང་པོ་དམག་ས་ཁག་ཏུ་བསད་རྨས་བྱུང་སྟེ་འཐབ་འཁྲུག་རྒྱག་མི་ཐུབ་པར་གྱུར། གཟའ་འཁོར་འདིར་ཡུཀ་རེན་གྱི་ཀིབ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༣་གྱི་ལོ་མཇུག་མཚམས་སུ་ཡུཀ་རེན་གྱི་དམག་ཁོངས་སུ་བུད་མེད་དམག་མི་ཁྲི་ཚོ་༥་ལྷག་འདུག བུད་མེད་དམག་མི་ཁག་ཅིག་དམར་ས་ཁག་ཏུ་བསྐྱོད་ནས་དངོས་སུ་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཁ་གཏད་བཅག ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྗེས་སུ་ཡུཀ་རེན་གྱི་དམག་ཁོངས་སུ་བུད་མེད་ཞུགས་མཁན་བརྒྱ་ཆ་༤༠་ཐམ་པ་མང་དུ་སོང་། དམག་ཞབས་ཀྱི་ལོ་ཚད་ཀྱང་སྐྱེས་པ་ལྟར་ལོ་རང་ལོ་༤༠་ནས་༦༠་བར་དུ་སྤར། ཨུ་རུ་སུའི་བཙན་འཛུལ་མ་བྱུང་གོང་དུ་བུད་མེད་དམག་མིའི་ལས་འགན་ནི་སྨན་ཞབས་པ་དང་རླུང་འཕྲིན་ཁ་པར་འབྲེལ་མཐུད་པ་སོགས་ཡིན་མོད། འོན་ཀྱང་དམག་འཁྲུག་གི་དགོས་མཁོར་གཞིགས་ནས་བུད་མེད་དམག་མའི་ལས་འགན་ལ་རིམ་གྱིས་འགྱུར་བ་ཐེབས།།

༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཡུཀ་རེན་ལ་ཨུ་རུ་སུའི་བཙན་འཛུལ་བྱུང་སྟེ་བུད་མེད་དམག་མི་ཚོས་དམག་ས་ཁག་ཏུ་དོས་སྐྱེལ་རླངས་འཁོར་གཏོང་བ་དང་སྐམ་དམག་གི་ཁོངས་སུ་ཞུགས། ཁ་ལོ་བ་མེད་པའི་འཕུར་གྲུ་གཏོང་བ་དང་འཕྲུལ་མདའ་འཕངས། ལྐོག་མདའ་འཕེན་པ་དང་ལྕགས་ཁྲབ་འཁོར་ལོའི་བཀོད་འདོམས་པ། ཡུཀ་རེན་གྱི་དམིགས་བསལ་དམག་དཔུང་ཁོངས་སུ་ཞུགས་ནས་ལས་འགན་བསྒྲུབས། བུད་མེད་ལྐོག་མདའ་འཕེན་མཁན་ཁག་ཅིག་ཨུ་རུ་སུའི་དམག་མི་རྣམས་སྐྲག་དགོས་སར་གྱུར་ཏེ་ཡུཀ་རེན་ཕྱི་ནང་གཉིས་སུ་མིང་གྲགས་རྒྱས། དམག་འཁྲུག་གི་དུས་སུ་འཛིན་བཟུང་བྱས་པའི་བུད་མེད་དམག་མི་ཚོར་བཙན་གཡེམ་སོགས་འབྱུང་གི་ཡོད་ཀྱང་ཡུཀ་རེན་གྱི་བུད་མེད་རྣམས་དམག་ཁོངས་སུ་ཞུགས་རྒྱུ་འགོག་མ་ཐུབ། ཡ་ར་(Yara)་ཞེས་པའི་ཡུཀ་རེན་གྱི་བུད་མེད་དམག་མི་ཞིག་གིས་ངའི་དགའ་རོགས་ཤར་ཕྱོགས་གྱེན་ལོག་པ་ཚོར་འཐབ་རྒོལ་བྱས་ནས་ཚེ་སྲོག་ཤོར་བ་དང་ང་ནི་༢༠༢༠་ནས་ཡུཀ་རེན་གྱི་དམག་ཁོངས་སུ་ཞུགས་པ་ཡིན། བུད་མེད་ཚོ་ཨུ་རུ་སུའི་དམག་མིའི་ལག་ཏུ་ཐེབས་ན་ཅི་ཞིག་འབྱུང་གི་ཡོད་པ་ངས་ཤེས་ཀྱི་ཡོད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག

ཡུ་ཀེ་རན་བུད་མེད་དམག་མིས་སྐོར་གཡེང་བྱེད་བཞིན་ཡོད་པ།

ཡུཀ་རེན་གྱི་བུད་མེད་དམག་མི་ཡ་རས་མུ་མཐུད་དུ་བཤད་པ་ལྟར་ན། ཨུ་རུ་སུའི་བཙན་འཛུལ་མ་བྱུང་གོང་དུ་སྲིད་འཛིན་དང་མི་དམངས། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོ་བཅས་སུ་གཅིག་གིས་ཀྱང་ཡུཀ་རེན་ལ་བཙན་འཛུལ་འབྱུང་རྒྱུ་ཡིན་པ་སྔོན་དཔག་མ་ཐུབ། ང་ཚོར་སྲིད་གཞུང་གིས་ཅི་ཞིག་བཤད་ཀྱང་ངས་ཨུ་རུ་སུའི་བཙན་འཛུལ་བྱ་རྒྱུ་ཡིན་པ་ཤེས་རྟོགས་བྱུང་སྟེ་དགའ་རོགས་འདས་པའི་རྗེས་སུ་འབྲངས་ནས་དམག་ཁོངས་སུ་ཞུགས་རྒྱུའི་ཐག་བཅད་པ་ཡིན། ངའི་སྐྱེལ་ཡུལ་ནི་ཡུཀ་རེན་གྱི་རྒྱལ་ས་ཀིབ་ཡིན་པ་དང་དམག་འཁྲུག་གི་སྔོན་དེར་ང་སྤྱི་ཚོགས་ལས་འགུལ་ཞིག་ཡིན། ཀིབ་མོ་ཧི་ལ་སློབ་གླིང་དུ་སྐད་བརྡ་རིག་པ་དང་རྩོམ་རིག་སྦྱངས་པ་ཡིན། ༢༠༡༠་ལོར་ཕུ་ཊིན་གྱི་མཐུན་གྲོགས་ཡ་ནུ་ཀོ་ཝི་ཆི་སྲིད་འཛིན་ལ་བདམས། ང་ཚོས་ཡུཀ་རེན་སླར་ཡང་ཨུ་རུ་སུ་ལྟ་བུའི་བཙན་དབང་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུ་ཡིན་པ་ངོས་ཟིན་ཏེ་དམངས་གཙོའི་ལམ་ལུགས་སྲུང་སྐྱོབ། ཡུཀ་རེན་གྱི་རྒྱལ་དམངས་ཀྱི་ངོ་བོ་སྲུང་སྐྱོབ་དོན་དུ་ལས་འགུལ་ཁག་ལ་ཞུགས་ནས་སྲིད་འཛིན་ཡ་ནུ་ཀོ་ཝི་ཆིའི་གཞུང་ལ་ངོ་རྒོལ་བྱས་པ་ཡིན་ཞེས་བཤད།།

ཀིབ་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་མི་ཁྲི་ཚོ་མང་པོ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་། ཕུ་ཊིན་ལ་དམག་མི་འདང་ངེས་མེད་པར་བཙོན་པ་དང་ནད་པ། དམག་འཁྲུག་གི་ཉམས་མྱོང་ཡོད་པའི་རྒད་པོ་རྣམས་ཀྱང་དམག་ཁོངས་སུ་བསྡུས། ཨུ་རུ་སུའི་གཞུང་གིས་བུད་མེད་ནི་ཁྱོ་གའི་ཁ་ལ་ཉན་པའི་ཆུང་མ་དང་ཕྲུ་གུའི་ཨ་མ། ཁྱིམ་ཚང་དེ་དྲོན་པོ་ཞིག་བདག་སྐྱོང་བྱས་ནས་དམག་སར་ཕྱིན་པའི་སྐྱེས་པ་ཚོར་རྒྱབ་སྐྱོར་དང་སེམས་ཤུགས་སྤར་མཁན་ཞིག་ཏུ་ངོས་འཛིན་བྱས། ཨུ་སུ་རུ་སུའི་འགོ་ཁྲིད་ཚོའི་བསམ་བློའི་ནང་དུ་དམག་འཁྲུག་ནི་སྐྱེས་པ་ཚོས་རྒྱག་དགོས། སྐྱེས་པ་ཚོ་མཁྲེགས་པོ་དང་སྟོབས་ཤུགས་ཅན། གདུག་རྩུབ་ཅན་དང་ཆབ་སྲིད་ཀྱི་དམིགས་ཡུལ་བསྒྲུབ་པར་དྲག་ཤུགས་སྤྱོད་རྒྱུར་འཛེམ་ཟོན་མེད་པ་ཞིག་ཡིན་པའི་འདུ་ཤེས་བཟུང་། ཟླ་ཤས་གོང་དུ་རྒྱལ་སྲུང་བློན་ཆེན་སར་གྷེ་ཤུ་གུས་ཨུ་རུ་སུའི་དམག་ཁོངས་སུ་བུད་མེད་དམག་མི་༣༩༠༠༠་ཙམ་ཡོད། བུད་མེད་དམག་མི་༡༡༠༠་ཡས་མས་ཤིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཀྲམ་ཡོད། ཁོ་ཚོ་སྨན་ཞབས་པ་དང་མ་བྱན། རྒྱབ་སྐྱོར་ལས་སྣེ་ཡིན་ཞེས་བསྒྲགས།།

རྒྱལ་སྲུང་བློན་ཆེན་སར་གྷེ་ཤུ་གུས་

ཨུ་རུ་སུའི་གཞུང་འབྲེལ་མ་ཡིན་པའི་ཝ་ཞ་ནེ་ཨི་སི་ཊོ་རི་ཚོགས་པས་བཙོན་པ་ཚོར་སྐད་ཆ་དྲིས་ནས་ཞིབ་འཇུག་སྙན་ཐོ་བཏོན་པ་ལྟར་ན། རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་ཨུ་རུ་སུའི་དམག་ཁོངས་སུ་བུད་མེད་དམག་མི་ཡོད་ཅེས་བསྒྲགས་པའི་སྐབས་དེར་བུད་མེད་བཙོན་པ་ཁག་ཅིག་དམག་ཁོངས་སུ་བསྡུས་ནས་ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ཌོ་ནེ་ཛིཀ་ས་གནས་སུ་བཏང་ཟིན་ཡོད་པར་མ་ཟད། ན་ནིང་ཕྱི་ཟླ་༧་པ་ནས་ཨུ་རུ་སུའི་གཞུང་གིས་བུད་མེད་བཙོན་པ་ཚོ་དམག་གི་སྨན་པ་དང་སྨན་ཞབས་པ། མ་བྱན་ལ་བསྡུས་ནས་ཡུཀ་རེན་ལ་བཏང་ཞིང་། བུད་མེད་དེ་ཚོར་ཟླ་བ་གཅིག་གི་དམག་སྦྱོང་སྤྲད་པ་དང་ཟླ་བ་དྲུག་ལ་དམག་འཐབ་ཏུ་ཞུགས་དགོས། ཟླ་བ་རེར་གླ་ཕོགས་ཨ་སྒོར་༢༢༠༠་རེ་ཡོད། ཟླ་དྲུག་རྗེས་སུ་དམག་ཞབས་ཟུར་པའི་ཐོབ་ཐང་ཡོད། གལ་སྲིད་དམག་འཁྲུག་སྐབས་སུ་རྨས་ན་ཨ་སྒོར་ཁྲི་ཚོ་༡་ནས་༣་ཡས་མས་རེའི་གྱོང་གསབ་ཡོད། དམག་འཁྲུག་ནང་དུ་ཤི་ན་ཨ་སྒོར་ཁྲི་ཚོ་ལྔའི་གྱོང་གསབ་སྤྲོད་ཡོད་ཅེས་གན་རྒྱ་འཇོག་ཏུ་འཇུག་གི་ཡོད་པའི་གནས་ཚུལ་སྤེལ། ཁ་སྔོན་ཕྱི་ཟླ་༡༠་པའི་ཚེས་༣༠་ཉིན་དབྱིན་ཇིའི་རྒྱལ་སྲུང་གསང་བའི་ལས་ཁུངས་ཀྱིས་ཨུ་རུ་སུའི་གཞུང་གིས་བཙོན་པ་བུད་མེད་དམག་ཁོངས་སུ་བསྡུས་པ་ངེས་གཏན་བྱུང་།།

ཡུཀ་རེན་གྱི་བུད་མེད་ཚོ་དམག་ཁོངས་སུ་མ་ཞུགས་ཀྱང་ཨུ་རུ་སུའི་བཙན་འཛུལ་དམག་ལ་ཐབས་ལམ་སྣ་ཚོགས་ཤིག་བརྒྱུད་ནས་འཐབ་རྒོལ་བྱེད་ཀྱི་ཡོད་པ་སྟེ། ༢༠༢༢་ལོའི་ཕྱི་ཟླ་༣་ནང་ཡུཀ་རེན་གྱི་རྒན་མོ་ལོ་ན་༧༠་དོན་གྲངས་ཅན་ཞིག་གིས་སྤྲི་གོར་ནང་དུ་དུག་བཏབ་སྟེ་ཨུ་རུ་སུའི་དམག་མི་ཚོར་སྤྲད་ནས་དམག་མི་༨་ལྔ་ལམ་དུ་བརྫངས། ཕྱི་ཟླ་དང་པའི་ཚེས་༡༠་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཁེ་རེ་མཱི་ཡ་གླིང་ཟུར་དུ་ཡུཀ་རེན་གྱི་བུད་མེད་ཅིག་གིས་ཨུ་རུ་སུའི་དམག་མིའི་བཟའ་བཏུང་ནང་དུ་དུག་བཏབ་སྟེ་དམག་མི་༤༦་བསད། ཁ་སྔོན་ཕྱི་ཟླ་༡༢་པའི་འགོ་སྟོད་དེར་དར་འཕྲིན་དྲྭ་ལམ་དུ་བཟའ་བཏུང་ལ་དུག་བཏབ་ནས་ཨུ་རུ་སུའི་དམག་མི་༢༤་བསད་པ་དང་མི་༡༡་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་རེད་ཅེས་འཕྲིན་ཐུང་ཞིག་སྤེལ། ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཇ་ཁང་ཆང་ཁང་ཁག་ཏུ་སྲི་ཞུ་སྒྲུབ་བཞིན་པའི་ཡུཀ་རེན་གྱི་བུད་མེད་དང་སྐྱེས་པ་ཚོས་ཨུ་རུ་སུའི་དམག་མ་ཚོའི་འཚིག་ཇ་དང་ཆང་། ཟས་རིགས་ནང་དུ་དུག་བཏབ་ནས་གསོད་ཀྱི་ཡོད་པས་ཨུ་རུ་སུའི་དམག་མི་ཚོ་དམག་སྒར་ཕྱི་ལོགས་སུ་ཕྱིན་ཏེ་བཟའ་བཏུང་ལ་རོལ་རྒྱུར་སྐྲག

དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་སྲིད་འཛིན་ཛེ་ལན་སི་ཀིར་དམག་མི་འབུམ་༥་ཡས་མས་ཤིག་གསར་དུ་བསྡུ་དགོས་པའི་གྲོས་གཞི་བཏོན། སྲིད་འཛིན་ཛེ་ལན་སི་ཀིས་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་ང་ལ་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པས་སྐྱེས་པ་དང་བུད་མེད་བཅས་དམག་མི་གསར་པ་༤༥༠༠༠༠་ནས་༥༠༠༠༠༠་ཙམ་བསྡུ་དགོས་པའི་ནན་སྐུལ་བྱས་བྱུང་། དམག་སྐུལ་ནི་ཧ་ཅང་གི་ཚོར་སྐྱེན་རྣོ་བའི་གནད་དོན་ཞིག་ཡིན་པ་དང་ངས་དམག་མི་གསར་དུ་བསྡུ་དགོས་མིན་ཐག་བཅད་མེད་ཅེས་བཀྲལ། ཡིན་ནའང་ཕྱི་ཟླ་༡༢་པའི་ཚེས་༢༧་ནས་ཡུཀ་རེན་གྱི་བུད་མེད་དམག་མི་ཚོར་ཆེད་དུ་བཟོས་པའི་གོ་ཁྲབ་བཀྲམ་ནས་དམག་སར་གཏོང་ཆོག་པའི་འཁྲོལ་ཆ་སྤྲད། ཡུཀ་རེན་གྱི་དམག་འཁྲུག་མགོ་བརྩམས་ནས་བཟུང་སྟེ་བུད་མེད་དམག་མི་ཚོས་བུད་མེད་ལ་ཆ་འགྲིག་གི་དམག་ཆས་དང་ཆེ་ཆུང་རན་པའི་ལྷམ་མགོ བུད་མེད་དམག་མིར་ཆེད་དུ་བཟོས་པའི་གོ་ཁྲབ་སོགས་མི་འདུག་ཅེས་སྡུག་སྐད་བརྒྱབ།།

ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་ཡེ་ཧོར་ཆཱེར་ནེབ་

དེང་སྐབས་ཡུཀ་རེན་གྱི་དམག་ཁོངས་སུ་བུད་མེད་དང་བླངས་པ་༦༢༠༠༠་ཡོད་པའི་ཁོངས་ནས་བུད་མེད་དམག་མི་༥༠༠༠་ལྷག་ལ་འཐབ་འཁྲུག་གི་ཉམས་མྱོང་ཐོབ། ཕྱི་ཟླ་དང་པོའི་ཚེས་༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་རྒྱལ་ཡོངས་གྲོས་ཚོགས་སུ་དམག་མི་གསར་བསྡུའི་བཅའ་ཁྲིམས་ཟིན་བྲིས་ཤིག་ལ་གྲོས་སྡུར་བྱེད་ཀྱི་ཡོད་པ་དེའི་ནང་དུ་བུད་མེད་རྣམས་དམག་སྐུལ་བྱ་རྒྱུའི་འཆར་གཞི་མེད་པའི་གནས་ཚུལ་ཐོན་འདུག ཡུཀ་རེན་གྱི་གྲོས་ཚོགས་འཐུས་མི་ཡེ་ཧོར་ཆཱེར་ནེབ་ཀྱིས་རྒྱན་ཤོག་དཀྲུགས་ནས་དམག་མི་བསྡུ་རྒྱུ་མིན་པ་དང་བུད་མེད་རྣམས་དམག་ཁོངས་སུ་བསྡུ་རྒྱུ་མིན་པ་ངས་ཁག་ཐེག་བྱས་ནས་བཤད་ཐུབ། རྩ་ཁྲིམས་ནང་དུ་དེ་ལྟར་བྱེད་ཆོག་པའི་གཞི་རྩ་འཛིན་ས་མི་འདུག་ཅེས་བསྟན། ཡུཀ་རེན་གྱི་གྲོས་ཚོགས་ནས་དམག་སྐུལ་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ན་སྲིད་འཛིན་ཛེ་ལན་སི་ཀིས་དམག་སྐུལ་བྱ་རྒྱུ་སྟབས་ཇེ་བདེ་དང་དམག་ཁྲལ་ལ་གཡོལ་མཁན་ཚོར་ཉེས་ཆད་དྲག་པོ་གཅོད་ཆོག་པའི་གནས་ཚུལ་ཐོན་འདུག