ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

བལ་པོ་ཚོ་ཨུ་རུ་སུ་དང་ཡུཀ་རེན་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད་མི་ཆོག་ཟེར།


༄༅།། བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་རྣམས་ཨུ་རུ་སུ་དང་ཡུཀ་རེན་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད་མི་ཆོག བལ་པོ་ཚོ་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་ཁོངས་སུ་ཞུགས་ནས་འཐབ་འཁྲུག་བརྒྱབ་སྟེ་བསད་རྨས་ཚབས་ཆེན་འབྱུང་གི་འདུག་ཅེས་གསལ་བསྒྲགས་སྤེལ་འདུག ཕྱི་ཟླ་དང་པོའི་ཚེས་༥་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་པ་སངས་ཉིན་བལ་ཡུལ་གྱི་ཕྱིར་གཏོང་ངལ་རྩོལ་བའི་ལས་ཁུངས་ཀྱི་འགན་འཛིན་ཀ་བི་ར་ཇ་ཨུབ་རེ་ཏིས་སྐབས་ཤིག་གི་རིང་བལ་པོ་ཚོ་ཨུ་རུ་སུ་དང་ཡུཀ་རེན་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད་ཆོག་པའི་འཁྲོལ་ཆ་སྤྲོད་རྒྱུ་མིན། འདི་ནི་བལ་པོའི་སྤྱི་དམངས་ཀྱི་ཚེ་སྲོག་སྐྱོབ་ཐབས་དང་བདེ་འཇགས་དོན་དུ་ཡིན། བལ་པོ་ཚོ་ཕྱིའི་རྒྱལ་ཁབ་ཁག་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད་ན་ངེས་པར་དུ་བལ་ཡུལ་གཞུང་ལ་ཆོག་མཆན་ཞུ་དགོས་ཞེས་གསལ་བསྒྲགས་སྤེལ་འདུག

ཕྱི་ཟླ་དང་པའི་ཚེས་༢་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་སླར་ཡང་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༣་ལ་སྲོག་སྐྱོན་ཕོག བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཧ་རི་པྲ་ས་དཱ་ཨ་རི་ཡལ་དང་བྷ་ར་ཏ་བྷ་དྷུར་ཤཱ། ར་ཇ་ཀུ་མར་གྷི་རི་རྣམས་ཡུཀ་རེན་གྱི་དམག་སར་བསད་འདུག ད་ལྟའི་བར་དུ་ཁྱོན་བསྡོམས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༡༠་ཐམ་པའི་ཚེ་སྲོག་ཤོར་སོང་། བྷ་ར་ཏ་བྷ་དྷུར་ཤཱ་ཟླ་བ་གསུམ་གྱི་སྔོན་དེར་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཕྱི་ཟླ་༡༡་པའི་ཚེས་༢༦་ཉིན་སྲོག་སྐྱོན་ཕོག་འདུག་ཅེས་བསྒྲགས། འདས་པོ་དེའི་བཟའ་མི་ཚོས་ཕུང་པོ་འབྱོར་རྒྱུ་ཡོད་མེད་དང་ཕུང་པོ་ལེན་རྒྱུ་ཡོད་མེད་མི་ཤེས། དེར་བརྟེན་ང་ཚོས་རྩྭ་ཀུ་ཤའི་འདྲ་གསོབ་ཅིག་བཟོས་ནས་ཧིན་རྡུ་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་གཤིན་ཆོག་བསྒྲུབས་པ་ཡིན་ཞེས་གསར་འགོད་པར་འགྲེལ་བརྗོད་བྱས་འདུག

བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ན་ར་ཡན་པྲ་ཀ་ཤ་སའུ་ཌེས་
བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ན་ར་ཡན་པྲ་ཀ་ཤ་སའུ་ཌེས་

ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་ཅི་ཙམ་ཞུགས་ཡོད་མེད་ཀྱི་གྲངས་ཀ་གསལ་པོ་ཞིག་ཤེས་ཀྱི་མེད་ཀྱང་བལ་ཡུལ་གཞུང་གིས་བལ་པོ་༢༠༠་ཡས་མས་ཤིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས། ཡུཀ་རེན་གྱི་དམག་ཁོངས་སུའང་བལ་པོ་ཁག་ཅིག་ཞུགས་ཡོད་པའི་ཚོད་དཔག་བྱས་འདུག ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ན་ར་ཡན་པྲ་ཀ་ཤ་སའུ་ཌེས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་པའི་བལ་པོ་༡༠༠་སྐོར་ཞིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་བའམ། ཡང་ན་ཁོ་ཚོ་གར་སོང་ཆ་མེད་དུ་གྱུར་ནས་རྙེད་ཀྱི་མི་འདུག ང་ཚོས་བལ་ཡུལ་དུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་པ་འབོད་འགུགས་བྱས་ནས་བལ་པོ་རྣམས་དམག་ཁོངས་སུ་བསྡུ་རྒྱུ་མཚམས་འཇོག་བྱ་དགོས། ཨུ་རུ་སུའི་གཞུང་ལ་བརྡ་ལན་དེ་འཕྲོད་པར་བྱོས་ཞེས་བཤད་པ་ཡིན། ཨུ་རུ་སུའི་གཞུང་གིས་བལ་པོ་ཁག་ཅིག་དམག་ཁོངས་བསྡུས་ཡོད་པ་ཁས་ལེན་བྱས་སོང་ཞེས་རྒྱལ་ཡོངས་གསར་འགྱུར་ལས་ཁུངས་ལ་གླེང་མོལ་བྱས་འདུག

བལ་ཡུལ་དུ་དཔལ་འབྱོར་དང་ཚོང་ལས། བཟོ་གྲྭ་དང་འཛུགས་སྐྲུན་སོགས་ཀྱི་ལས་རིགས་གཉེར་མ་ཐུབ་པར་མི་དམངས་ལ་ལས་ཀ་བཀོད་སྒྲིག་བྱེད་ཐུབ་ཀྱི་མེད་ཅིང་། དེས་ན་ལོ་ལྟར་བལ་པོ་ས་ཡ་མང་པོ་རྒྱ་གར་དང་ལྷོ་ཀོ་རི་ཡ། མ་ལེ་ཤི་ཡ་དང་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་ལ་ངལ་རྩོལ་རྒྱུག་ཏུ་བསྐྱོད་དགོས། འདས་པའི་ལོ་གཉིས་ཀྱི་རིང་བལ་ཡུལ་གཞུང་གིས་བལ་པོ་༨༠༠་ལྷག་ལ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པ་མ་ཡིན་པར་ངལ་རྩོལ་རྒྱུག་ཏུ་བསྐྱོད་ཆོག་ཅེས་འཁྲོལ་ཆ་སྤྲད། མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པས་སྔ་མོ་ནས་ཨུ་རུ་སུར་གཏན་སྡོད་བྱེད་བཞིན་པའི་བལ་པོ་ཚོས་བལ་ཡུལ་ནས་ཕོ་གསར་ཚོ་ཨུ་རུ་སུའི་དམག་ཁོངས་སུ་བསྡུས་ཏེ་ནག་ཚོང་རྒྱག་གི་འདུག བལ་པོའི་ཕོ་གསར་ཚོས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ན་གླ་ཕོགས་ཆེན་པོ་རག་རྒྱུའི་ཧེབ་ལངས་ནས་ཡོང་གི་འདུག་ཅེས་བཀྲལ།།

ཟླ་བ་སྔོན་མར་བལ་ཡུལ་གཞུང་གིས་མི་ཚོང་རྒྱག་མཁན་ཁྲིམས་འགལ་བ་༡༠་འཛིན་བཟུང་བྱས་ཤིང་། ཁོ་ཚོར་བལ་པོའི་རེའི་ལག་ནས་ཨ་སྒོར་༩༠༠༠་རེ་བླངས་ཏེ་ཡུལ་སྐོར་སྤྲོ་འཆམ་པ་དང་སློབ་ཕྲུག་སོགས་ཀྱི་ཐོངས་མཆན་ཞུས། བལ་པོ་དེ་རྣམས་ཨུ་རུ་སུར་ཁྲིད་ནས་དམག་ཁོངས་སུ་འཇུག་གི་འདུག་ཅེས་ནག་ཉེས་བཙུགས། བལ་ཡུལ་གཞུང་གིས་ཨུ་རུ་སུའི་གཞུང་ལ་བལ་པོ་རྣམས་དམག་ཁོངས་སུ་བསྡུ་མི་ཆོག ཨུ་རུ་སུའི་དམག་ཁོངས་སུ་བསྡུས་ཟིན་པ་རྣམས་འཕྲལ་དུ་རང་ཡུལ་ལ་ཕྱིར་སློག་བྱ་དགོས། ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་དེ་དག་གི་ཕུང་པོ་རྩིས་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྐུལ། ཡིན་ནའང་ཨུ་རུ་སུའི་གཞུང་གིས་བལ་ཡུལ་གྱི་འབོད་སྐུལ་སྔ་རྗེས་གཉིས་ལ་ལན་འདེབས་མ་བྱས་པར་སྣང་མེད་དུ་བསྐྱུར། བལ་པོ་བྷི་བྷེག་ཀཱ་ཏ་རི་ཟེར་བ་ཞིག་ཡུཀ་རེན་གྱིས་འཛིན་བཟུང་བྱས་ཡོད་པ་གློད་གྲོལ་ཐུབ་ཐབས་སུ་བལ་ཡུལ་གཞུང་གིས་གྲོས་མོལ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ནས་བལ་པོ་ཉུང་ཤས་ཤིག་རང་ཡུལ་དུ་ཐར། ཁོ་ཚོས་དམག་འཁྲུག་གི་འཇིགས་སྣང་དང་ཉེན་ཚབས། གླ་ཕོགས་ཀྱང་དུས་ཐོག་ཏུ་རག་གི་མེད་པ་སོགས་བལ་ཡུལ་གྱི་གསར་འགོད་པར་ཚོར་བཤད། བལ་པོ་ཁག་ཅིག་གིས་ང་ཚོར་སྦྱོང་བརྡར་ཡག་པོ་ཞིག་མ་སྤྲད་པར་དམག་སར་བཏང་སོང་། གླ་ཕོགས་ཀྱང་ཟླ་བ་མང་པོར་སྤྲད་མ་བྱུང་ཟེར། འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་ཌི་པེན་དྷ་ར་བྷ་དྷུར་སིང་གིས་བལ་ཡུལ་གྱི་འགོ་ཁྲིད་ཚོས་རང་གི་སྤྱི་དམངས་རྣམས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་འགོག་ཐུབ་རྒྱུ་ཁག་པོ་རེད། བལ་ཡུལ་གཞུང་གིས་སྤྱི་དམངས་ཅི་ཙམ་ས་མཚམས་བརྒལ་ནས་ཕྱི་ལ་སྐྱོད་ཀྱི་ཡོད་པ་ཐོ་འགོད་གསལ་པོ་ཞིག་བྱེད་ཐུབ་ཀྱི་མི་འདུག་ཅེས་བསྟན།།

ཨུ་རུ་སུར་དམག་མི་འདང་ངེས་མེད་པར་བལ་ཡུལ་དང་འཇོར་ཇཱི་ཡ། སི་རི་ཡ་དང་ལི་བྷི་ཡ། ལཱ་ཊིན་ཨ་མི་རི་ཀའི་རྒྱལ་ཁབ་ཀུ་པ་དང་ཨུ་རུ་སུར་ངལ་རྩོལ་རྒྱུག་ཏུ་ཡོང་བའི་དབུས་ཨེ་ཤི་ཡའི་ཁ་ཆེའི་རྒྱལ་ཁབ་ཁག་གི་སྤྱི་དམངས་རྣམས་དམག་ཁོངས་སུ་བསྡུ་དགོས་པར་གྱུར། ཕྱི་ཟླ་དང་པོའི་ཚེས་༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཕུ་ཊིན་གྱིས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་སར་བཏང་ཡོད་པའི་ཕྱི་རྒྱལ་བ་ཚོར་ཨུ་རུ་སུའི་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་རྒྱུ་ཡིན། རྒྱལ་སྲུང་ལྷན་ཁང་ལ་གན་རྒྱ་བཞག་སྟེ་སྲི་ཞུ་སྒྲུབ་ཀྱི་ཡོད་པའི་ཕྱི་རྒྱལ་བ་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་རྣམས་ཨུ་རུ་སུའི་སྤྱི་དམངས་སུ་གྱུར་ནས་ཕྱིར་སྐྱོད་ལག་འཁྱེར་ལེན་ཆོག ཕྱི་རྒྱལ་བ་དེ་དག་གིས་ཉུང་མཐའ་ཡང་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་ལོ་གཅིག་གི་གན་རྒྱ་བཞག་ཡོད་པའི་ཡིག་ཆ་སྟོན་དགོས་ཞེས་ཆ་རྐྱེན་བཏོན།།

རྒྱལ་སྤྱིའི་ལས་རྩོལ་སྒྲིག་འཛུགས་ཀྱིས་སྙན་ཐོ་བཏོན་པ་དེར་འཁོད་པ་ལྟར་ན། བལ་ཡུལ་གྱི་མི་འབོར་བརྒྱ་ཆ་༦༣.༧་ལོ་ན་༣༠་མན་ཆད་ཀྱི་ན་གཞོན་ཡིན་ཞིང་། ལོ་༡༥་ནས་༢༩་བར་གྱི་ན་གཞོན་ལས་མེད་པའི་གྲངས་འབོར་བརྒྱ་ཆ་༡༩.༢་ཟིན། ལོ་ལྟར་བལ་ཡུལ་གྱི་ན་གཞོན་འབུམ་༥་ལྷག་ལས་ཀ་འཚོལ་དུ་ཡོང་གི་ཡོད་ཀྱང་མི་གྲངས་ཁྲི་ཚོ་༨་ནས་འབུམ་༡་ཡས་མས་རེར་མ་གཏོགས་ལས་ཀ་མ་རག ཧྥ་རན་སིར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་ཟུར་པ་མོ་ཧན་ཀིར་ཤ་ན་ས་ར་ས་ཐས་འདས་པའི་ལོ་ལྔའི་རིང་བལ་པོ་༡༠༠༠་ལྷག་ཨ་རིའི་དམག་ཁོངས་སུ་ཞུགས་ནས་ཨི་རིའི་སྤྱི་དམངས་སུ་གྱུར་འདུག ཧྥ་རན་སིའི་ཕྱི་མིའི་དཔུང་སྡེའི་ཁོངས་སུའང་བལ་པོ་༣༠༠་ཡས་མས་ཤིག་འདུག་ཅེས་བསྟན། ད་ལྟ་ཨུ་རུ་སུའི་གཞུང་གིས་ཕྱི་རྒྱལ་གྱི་འཐབ་མོ་བ་ཚོར་སྤྱི་དམངས་ཀྱི་ཐོབ་ཐང་སྤྲོད་རྒྱུ་ཡིན་པས་བལ་པོ་ཚོས་ཨུ་རུ་སུའི་སྤྱི་དམངས་ཀྱི་ཐོབ་ཐང་བླངས་ཏེ་དམག་ཁོངས་སུ་ཞུགས་རྒྱུ་འགོག་མི་ཐུབ་པ་ཞིག་ཏུ་འགྱུར་རྒྱུའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG