ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཨུ་རུ་སུའི་དམག་ཁོངས་སུ་ཞུཊ་པའི་བལ་པོ་༡༠༠་ཙམ་གར་སོང་ཆ་མེད་དུ་གྱུར།


བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ན་ར་ཡན་པྲ་ཀ་ཤ་སའུ་ཌེས་
བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ན་ར་ཡན་པྲ་ཀ་ཤ་སའུ་ཌེས་

༄༅།། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་༡༠༠་ཡས་མས་ཤིག་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་རྨས་སྐྱོན་ཕོག་པའམ། ཡང་ན་གར་སོང་ཆ་མེད་དུ་གྱུར་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་བལ་ཡུལ་གྱི་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ན་ར་ཡན་པྲ་ཀ་ཤ་སའུ་ཌེས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༢༠༠་ཙམ་ཡོད་ས་རེད། ང་ཚོས་བལ་ཡུལ་དུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་པ་འབོད་འགུགས་བྱས་ནས་བལ་པོ་དམག་ཁོངས་སུ་བསྡུ་རྒྱུ་མཚམས་འཇོག་བྱ་དགོས། ཨུ་རུ་སུའི་གཞུང་ལ་བརྡ་ལན་དེ་འཕྲོད་པར་བྱོས་ཞེས་བཤད་པ་ཡིན། ཨུ་རུ་སུའི་གཞུང་གིས་བལ་པོ་ཁག་ཅིག་དམག་ཁོངས་བསྡུས་ཡོད་པ་ཁས་ལེན་བྱས་བྱུང་། ད་ལྟའི་བར་དུ་བལ་པོ་༧་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག ཕྱི་སྲིད་ལྷན་ཁང་ལ་བལ་པོ་༡༠༠་སྐོར་ཞིག་དམག་སར་རྨས་པའམ། ཡང་ན་གར་སོང་ཆ་མེད་དུ་གྱུར་འདུག་ཅེས་གནས་ཚུལ་ཞིག་འབྱོར་ཡོད་པ་དང་ང་ཚོས་འབྲེལ་ཡོད་ཀྱི་བཟའ་མི་ཚོ་གཉེན་ཚན་སོགས་ལ་བརྡ་བརྒྱབ་པ་ཡིན་ཞེས་བསྒྲགས།།

ཕྱི་སྲིད་བློན་ཆེན་སའུ་ཌེས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་ཅི་ཙམ་ཡོད་མེད་གྲངས་ཀ་གསལ་པོ་ཞིག་ཤེས་ཀྱི་མི་འདུག བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་རྣམས་ཨུ་རུ་སུ་དང་རྒྱ་གར། བངྒ་ལ་དང་སིངྒ་ལ། ཏ་ཟིག་མཚོ་ཁུག་གི་རྒྱལ་ཁབ་༦་ལ་བསྐྱོད་ན་བལ་ཡུལ་གཞུང་གི་དགག་བྱ་མེད་པའི་འཁྲོལ་ཡིག་ལེན་དགོས་པའི་སྒྲིག་གཞི་གཏན་འབེབས་བྱས་ཡོད། ཡུཀ་རེན་གྱིས་འཛིན་བཟུང་ཡོད་པའི་བལ་པོ་རྣམས་གློད་གྲོལ་ཐོབ་ཐབས་བྱེད་ཀྱི་ཡོད། ང་ཚོས་ཡུཀ་རེན་གྱི་གཞུང་ལ་འབྲེལ་བ་བྱས་པ་དང་བལ་པོའི་གཞུང་ཚབ་པས་གྲོས་མོལ་བྱེད་ཀྱི་ཡོད། ང་ཚོས་ལྡི་ལི་གསར་པར་བཅའ་སྡོད་ཡུཀ་རེན་གྱི་གཞུང་ཚབ་ཁང་ལའང་འབྲེལ་བྱས་པ་ཡིན། བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་རྒྱ་གྲམ་དམག་པོར་བལ་པོ་འཛིན་བཟུང་ཐེབས་ཡོད་པ་༤་འཕྲལ་དུ་གློད་གྲོལ་ཡོང་བར་རོགས་རམ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད། ངས་དེ་ལ་གང་མགྱོགས་གྲུབ་འབྲས་ཤིག་ཐོན་རྒྱུའི་རེ་ལྟོས་འཆང་ཡོད། དེ་བཞིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་བལ་པོའི་སློབ་ཕྲུག་བྷི་པིན་ཇཱོ་ཤི་གཏའ་མར་ཉར་འཛིན་བྱེད་བཞིན་ཡོད་པའང་གློད་གྲོལ་ཐུབ་ཐབས་བྱེད་ཀྱི་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ།

ཕྱི་ཟླ་༡༢་པའི་ཚེས་༢༤་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གཞུང་གིས་ཨུ་རུ་སུར་བལ་པོ་དམག་ཁོངས་སུ་བསྡུ་རྒྱུ་མཚམས་འཇོག་བྱ་དགོས་པའི་ནན་སྐུལ་བྱས་ཀྱང་ཨུ་རུ་སུའི་གཞུང་གིས་སྣང་མེད་བཏང་ཞིང་། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་བྷི་ཤ་ཝ་པྲ་ཀ་ཤ་ཤར་མས་སྲིད་བློན་དྷལ་གྱིས་ཐད་ཀར་ཕུ་ཊིན་ལ་བལ་པོ་ཚོ་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་རྒྱུ་མཚམས་འཇོག་བྱ་དགོས་པའི་བཀའ་མོལ་ནན་པོ་གནང་དགོས། བལ་པོ་ཚོ་ཨུ་རུ་སུའི་དོན་དུ་དམག་འཁྲུག་ལ་ཞུགས་ནས་ཚེ་སྲོག་བློས་གཏོང་དགོས་དོན་མེད། བལ་ཡུལ་གཞུང་གིས་མྱུར་དུ་ཨུ་རུ་སུར་གྲོས་མོལ་བྱས་ནས་བལ་པོ་དེ་རྣམས་རང་ཡུལ་དུ་ལེན་ཐབས་བྱ་དགོས། ཨུ་རུ་སུས་ཁྲིམས་འགལ་ཐོག་ཏུ་བལ་པོ་དེ་རྣམས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་བ་རེད་ཅེས་སྐྱོན་བཙུགས། ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་དེ་དག་གི་ཕུང་པོ་ཡང་རང་ཡུལ་དུ་ལེན་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུའི་གཞུང་ལ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་ཡོད་པའི་བལ་པོ་རྣམས་མགྱོགས་མྱུར་རང་ཡུལ་དུ་ཕྱིར་སློག་བྱ་དགོས། དམག་སར་བསད་པའི་བལ་པོ་དེ་དག་གི་ཕུང་པོ་རང་ཡུལ་དུ་རྩིས་སྤྲོད་བྱ་དགོས་ཞེས་ཡི་གེ་ཐེངས་གཉིས་བཏང་མོད། འོན་ཀྱང་ད་སྔ་ཨུ་རུ་སུའི་གཞུང་གིས་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་ལ་ཡིག་ལན་བཏང་མེད་ཅིང་། བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་གྱིས་ཨུ་རུ་སུའི་གཞུང་ཚབ་པ་ཨ་ལེག་སེ་ནོ་ཝི་ཀོབ་ལ་དངོས་སུ་ཐུག་ནས་གནད་དོན་དེ་གླེང་སློང་བྱས་འདུག མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་མཱི་ལན་ཏུ་ལ་དྷར་གྱིས་བལ་ཡུལ་གཞུང་གིས་མི་ཚོང་རྒྱག་མཁན་ཚོར་དམ་དྲག་བྱས་ནས་བཟུང་། བལ་པོ་ཚོས་རྒྱུ་མཚན་སྣ་ཚོགས་ཤིག་བཤད་ནས་ཨུ་རུ་སུར་ཡོང་རྒྱུ་ཅུང་ཙམ་ཉུང་དུ་ཕྱིན་སོང་ཟེར། བལ་པོ་ཚོས་སློབ་ཕྲུག་ཡིན་ཟེར་བ་དང་ཡུལ་སྐོར་སྤྲོ་འཆམ་པ་ཡིན། གྲོགས་པོ་དང་ངོ་ཤེས་སོགས་ལ་ཐུག་འཕྲད་དུ་ཡོང་བ་ཡིན་ཞེས་ཨུ་རུ་སུར་བསྐྱོད་དེ་རྒྱལ་ཁབ་དེའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་སྲིད་དྲུང་ཆེ་ཟུར་པ་བྷ་ར་ཏ་ར་ཇ་པོ་ཌི་ཡལ་
ཕྱི་སྲིད་དྲུང་ཆེ་ཟུར་པ་བྷ་ར་ཏ་ར་ཇ་པོ་ཌི་ཡལ་

བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གི་ལས་སྣེ་ཚོས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་བལ་པོ་ཁག་ཅིག་གིས་དྲྭ་ལམ་དུ་བརྙན་ཐུང་བཀྲམ། དེ་ནས་བལ་ཡུལ་གྱི་ཕོ་གསར་ཚོ་ཧེབ་ལངས་ནས་སྦིར་བསྒྲགས་ཆེན་པོ་བྱུང་སོང་ཞེས་བསྟན། ཕྱི་སྲིད་དྲུང་ཆེ་ཟུར་པ་བྷ་ར་ཏ་ར་ཇ་པོ་ཌི་ཡལ་གྱིས་ཕྱི་སྲིད་བློན་ཆེན་ལ་བལ་པོ་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་མི་ཆོག་ཅེས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་དགོས། བལ་པོ་ཚོར་གནས་ལུགས་དང་མི་མཐུན་པའི་ཁེ་ཕན་སྤྲོད་དགོས་ཟེར་ན་དེ་ལ་མགོ་འཁོར་མི་ཉན་ཞེས་ལམ་སྟོན་བྱ་དགོས་པའི་འབོད་སྐུལ་ཞུས། བལ་ཡུལ་གྱི་ཕྱི་འབྲེལ་མི་སྣ་ཁག་ཅིག་གིས་ཨུ་རུ་སུ་དང་ཡུཀ་རེན་གྱི་དམག་འཁྲུག་ནི་མཚམས་ཆད་རྒྱུའི་རྟགས་མཚན་མི་འདུག གལ་སྲིད་བལ་པོ་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་མ་བཀག་ན་བསད་རྨས་ཚབས་ཆེན་འབྱུང་ཤས་ཆེ། བལ་ཡུལ་གཞུང་གིས་སྔ་ལོ་ནས་བལ་པོ་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་ཤེས་ཀྱི་ཡོད་ཀྱང་མ་བཀག་པ་རེད། ད་ལྟ་གནས་ཚུལ་ཚང་མ་སྦས་གསང་མི་ཐུབ་པའི་མཚམས་སུ་འགོག་གི་ཡོད་པ་རེད་ཅེས་གསར་འགོད་པར་ནང་མོལ་བྱས་འདུག

བལ་པོ་ཚོ་ཨུ་རུ་སུའི་དམག་ཁོངས་སུ་བསྡུས་ནས་ཁྲིམས་འགལ་གྱི་ནག་ཚོང་རྒྱག་གི་ཡོད་པ་དེར་མི་སྣ་ཤུགས་རྐྱེན་ཅན་རྣམས་འབྲེལ་བ་ཡོད་པ་རྩད་ཆོད། མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པས་ཨུ་རུ་སུར་སྔ་མོ་ནས་གཏན་སྡོད་བྱེད་བཞིན་པའི་བལ་པོ་ཚོས་བལ་ཡུལ་ནས་ཕོ་གསར་ཚོ་ཨུ་རུ་སུའི་དམག་ཁོངས་སུ་བསྡུས་ཏེ་ནག་ཚོང་རྒྱག་གི་འདུག་ཅེས་བཤད། བལ་ཡུལ་གྱི་ཀོང་རེ་སི་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་ཤར་མས་སྲིད་གཞུང་གི་ལས་འགན་ནི་བལ་པོ་ཅི་ཙམ་ཡུཀ་རེན་གྱི་དམག་སར་བསད་ཡོད་མེད་རྩད་གཅོད་བྱ་རྒྱུ་ཁོ་ན་མིན། ཨུ་རུ་སུའི་གཞུང་ཚབ་པར་སྐད་ཆ་ཤོད། ཁོ་པས་མ་མཉན་ན་ཕུ་ཊིན་ལ་སྐད་ཆ་བཤད་དགོས། ང་ཚོས་བལ་པོ་རྣམས་ཨུ་རུ་སུའི་དམག་ཁོངས་སུ་བསྡུས་ནས་མི་ཚོང་རྒྱག་མཁན་ཚོར་ཁྲིམས་གཅོད་དྲག་པོ་བྱ་དགོས། བལ་ཡུལ་གཞུང་གིས་ངེས་པར་དུ་རང་གི་སྤྱི་དམངས་རྣམས་རང་ཡུལ་དུ་ལེན་དགོས་ཞེས་ནན་གྱིས་བསྐུལ། མི་ཚོང་རྒྱག་མཁན་ཚོས་བལ་པོ་རེའི་ལག་ནས་ཨ་སྒོར་༩༠༠༠་རེ་བླངས་ཏེ་སློབ་ཕྲུག་དང་ཡུལ་སྐོར་སྤྲོ་འཆམ་པའི་ཐོངས་མཆན་ཞུས་ཏེ་ཨུ་རུ་སུར་འཁྲིད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་འཇར་མན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་དམག་ས་ཁག་ནས་བལ་པོ་ཉུང་ཤས་ཤིག་རང་ཡུལ་དུ་ཕྱིར་ལོག་ཐུབ་འདུག ཁོ་ཚོས་དམག་འཁྲུག་གི་འཇིགས་སྣང་དང་ཉེན་ཚབས། གླ་ཕོགས་ཀྱང་དུས་ཐོག་ཏུ་རག་གི་མེད་པ་སོགས་བལ་ཡུལ་གྱི་གསར་འགོད་པར་ཚོར་གསལ་བཀྲོལ་བྱས་འདུག བལ་པོ་ཁག་ཅིག་གིས་ང་ཚོར་སྦྱོང་བརྡར་ཡག་པོ་ཞིག་མ་སྤྲད་པར་དམག་སར་བཏང་སོང་། གླ་ཕོགས་ཀྱང་ཟླ་བ་མང་པོར་སྤྲོད་ཀྱི་མི་འདུག་ཅེས་བཀྲལ། འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་ཌི་པེན་དྷ་ར་བྷ་དྷུར་སིང་་གིས་བལ་ཡུལ་གྱི་འགོ་ཁྲིད་ཚོས་རང་གི་སྤྱི་དམངས་རྣམས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་འགོག་མི་སྲིད། བལ་ཡུལ་གཞུང་གིས་རང་གི་སྤྱི་དམངས་རྣམས་ས་མཚམས་བརྒལ་ནས་ཕྱི་ལ་ཅི་ཙམ་སྐྱོད་ཀྱི་ཡོད་མེད་གྲངས་ཐོ་གསལ་པོ་ཞིག་འགོད་ཐུབ་ཀྱི་མི་འདུག བལ་ཡུལ་གཞུང་གིེས་ངེས་པར་དུ་ཨུ་རུ་སུར་སྐད་ཆ་ནན་པོ་བཤད་དགོས་ཀྱི་འདུག་ཅེས་བརྗོད།།

བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་
བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་

ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་ཕྱི་འབྲེལ་དུས་དེབ་ནང་དུ་བལ་ཡུལ་གྱི་སྲིད་བློན་པུ་ཤ་པ་ཀ་མལ་དྷལ་གྱིས་བལ་པོ་ཚོ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་འགོག་དཀའ་བར་སྣང་། དེའི་རྒྱུ་རྐྱེན་ནི་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་སྟེ། བལ་ཡུལ་གྱི་དམར་ཤོག་འཐབ་མོ་བ་ཟུར་པ་རྣམས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་འདུག སྔོན་ཆད་སྲིད་བློན་དྷལ་ཡང་མའོ་ཙེ་ཏུང་གི་ལྟ་བའི་རྗེས་སུ་འབྲངས། ཁོ་པས་གྱེན་ལོག་ཟིང་འཁྲུག་བསླངས་པའི་དུས་སུ་མིང་ལ་པྲ་ཆན་དྷ་ཞེས་འབོད། སྲིད་བློན་དྷལ་ལོ་༦༩་ལ་སོན་པའི་སྐྱེས་སྐར་གྱི་དགའ་སྟོན་ཚུགས་པའི་ཉིན་དེར་མའོ་ཙེ་ཏུང་གི་ལྟ་བའི་རྗེས་འབྲང་བ་ཟུར་པ་ཞིག་གིས་ངོ་དེབ་ནང་དུ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་ལ་འཐབ་རྒོལ་མི་བྱ་ཐབས་མེད་དུ་གྱུར་སོང་། ཨ་རི་དང་ཡུལ་རོབ་ཀྱི་གསར་འགྱུར་ལས་ཁུངས་ཁག་གིས་ཨུ་རུ་སུའི་ཉེས་སྐྱོན་ཐེར་འདོན་གྱི་དྲིལ་བསྒྲགས་འབའ་ཞིག་བྱེད་ཀྱི་འདུག་ཅེས་འཕྲིན་ཐུང་ཞིག་སྤེལ་བའི་གནས་ཚུལ་ཐོན་འདུག

XS
SM
MD
LG