༄༅།། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུག་ཀེ་རེན་ལ་འཐབ་འཁྲུག་རྒྱག་གི་ཡོད་པའི་བལ་པོའི་ན་གཞོན་གསུམ་བསད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་མཱི་ལན་ར་ཇ་ཐུ་ལ་དྷར་གྱིས་བལ་པོའི་ན་གཞོན་དེ་ཚོར་འབར་མདེལ་བཀད་ནས་སྲོག་སྐྱོན་ཕོག་པ་འདྲ། ཁོ་ཚོ་བལ་ཡུལ་གྱི་སང་ཇཱ་དང་དྷོལ་ཁ། ཨི་ལམ་རྫོང་གི་མི་རེད། ང་ཚོས་འདས་པོ་དེ་དག་གི་བཟའ་མི་ཚོར་འབྲེལ་བ་བྱེད་ཀྱི་ཡོད། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོ་ལའང་བལ་པོ་ན་གཞོན་དེ་ཚོར་སྲོག་སྐྱོན་ཇི་ལྟར་ཕོག་མིན་གྱི་ཞིབ་ཕྲའི་གནས་ཚུལ་འདྲི་རྩད་བྱེད་ཀྱི་ཡོད། ཁོ་ཚོ་ཟླ་བ་འདིའི་ཚེས་༡༥་ཉིན་བསད་འདུག་ཅེས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་ཤིང་། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་ཟླ་བ་འདིའི་ཚེས་༢༤་ཉིན་བལ་པོ་དེ་ཚོར་སྲོག་སྐྱོན་ཕོག་སོང་ཞེས་དར་འཕྲིན་དྲྭ་ལམ་བརྒྱུད་ནས་ཤི་ཡིག་སྤྲད་པའི་གནས་ཚུལ་ཐོན་འདུག
ཉམས་ཞིབ་པ་ཚོས་བལ་པོའི་ན་གཞོན་དེ་ཚོ་ཨུ་རུ་སུའི་གླས་དམག་ཁོངས་སུ་བཅུག་སྟེ་ཡུག་ཀེ་རེན་ལ་བཏང་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་ཅིང་། བལ་པོའི་གཞུང་ཚབ་པས་དམག་སར་བསད་པ་དེ་དག་གི་ཕུང་པོ་རྣམས་རྙེད་མི་འདུག ཨུ་རུ་སུའི་གཞུང་ལ་འདས་པོ་དེ་དག་གི་བཟའ་མི་ཚོར་དངུལ་སྒོར་གྱོང་གསབ་སྤྲོད་དགོས་ཟེར་གྱི་ཡོད། གང་ལྟར་བལ་པོའི་ན་གཞོན་དེ་ཚོ་ཡུག་ཀེ་རེན་གྱི་དམག་སར་བསད་པ་རེད། འདི་ནི་ཚོར་སྐྱེན་རྣོ་བའི་གནད་དོན་ཞིག་ཡིན་ཞིང་། ང་ཚོས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་བྱུང་སྟེ་བཟའ་མི་དེ་ཚོར་བརྡ་མ་བརྒྱབ་གོང་དུ་གསར་འགྱུར་བརྒྱུད་ལམ་ཁག་ལ་གནས་ཚུལ་ཁྱབ་བསྒྲགས་བྱ་རྒྱུ་མིན། ང་ཚོས་ཕྱིས་སུ་ཨུ་རུ་སུའི་དམག་ཁོངས་སུ་བལ་པོའི་ན་གཞོན་ཅི་ཙམ་ཡོད་མེད་སོགས་ཀྱི་གནས་ཚུལ་ཁ་གསལ་ཞིག་མཁོ་སྤྲོད་བྱེད་ཆོག་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་གནས་ཚུལ་ཞིབ་ཕྲ་གང་ཡང་འབྱོར་མ་བྱུང་ཞེས་གསར་འགོད་པ་ཚོར་ལན་འདེབས་བྱེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག
བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་ཨུ་རུ་སུའི་དམག་ཁོངས་སུ་བལ་པོ་༢༠༠་ཡས་མས་ཤིག་ཡོད་པར་མ་ཟད། བལ་པོའི་ན་གཞོན་ཁག་ཅིག་ཡུག་ཀེ་རེན་གྱི་དམག་ཁོངས་སུའང་ཞུགས་འདུག མི་གྲངས་ཅི་ཙམ་ཡོད་མེད་གསལ་པོ་ཞིག་ཤེས་ཀྱི་མེད། སྤྱི་ཚོགས་དྲྭ་ལམ་ཁག་ཏུ་བརྙན་ཐུང་ཞིག་ཁྱབ་ཡོད་པ་དེའི་ནང་དུ་ཨུ་རུ་སུ་དང་ཡུག་ཀེ་རེན་གྱི་དམག་ཆས་གྱོན་པའི་བལ་པོའི་ཕོ་གསར་ཚོས་ཟླ་བ་རེར་གླ་ཕོགས་བལ་སྒོར་འབུམ་༤་རེ་རག་གི་འདུག་ཟེར། བལ་ཡུལ་གྱི་བྷར་ཌི་ཡ་རྫོང་གི་བྷི་བྷེག་ཀཱ་ཏ་རི་ཞེས་པའི་ཕོ་གསར་ཨུ་རུ་སུའི་དམག་ཆས་གྱོན་པ་ཞིག་གིས་ང་ཡུག་ཀེ་རེན་གྱིས་འཛིན་བཟུང་བྱས་སོང་། ང་བདེ་འཚམས་ངང་དུ་རང་ཡུལ་དུ་ཐར་དགོས་ཀྱི་འདུག་ཅེས་སྡུག་སྐད་བརྒྱབ་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་ཐོན། ཟླ་བ་སྔོན་མར་ཡུག་ཀེ་རེན་གྱི་ནང་སྲིད་བློན་ཆེན་གྱི་སློབ་སྟོན་པ་ཨན་ཊོན་གྷ་ར་ཤ་ཆཱེན་ཀོས་བལ་པོ་ཀ་ཏ་རིས་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་གན་རྒྱ་བཞག་ནས་དམག་ཁོངས་སུ་ཞུགས་པ་རེད། ཁོ་པ་ཨབ་ཌིབ་ཀ་ས་གནས་སུ་ཡུག་ཀེ་རེན་གྱི་དམག་གིས་འཛིན་བཟུང་བྱས་པ་རེད་ཅེས་བསྒྲགས།།
ད་ལོའི་ཕྱི་ཟླ་༨་པའི་ཚེས་༡་ཉིན་བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་བལ་པོའི་སྤྱི་དམངས་ཚོ་རྒྱལ་ཁབ་གཞན་གྱི་དམག་ཁོངས་སུ་ཞུགས་མི་ཆོག རྒྱ་གར་དང་དབྱིན་ཇིའི་དམག་ཁོངས་སུ་ཞུགས་ན་དགག་བྱ་མེད། བལ་པོ་ཚོ་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་རྒྱལ་ཁབ་གཞན་གྱི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པར་བཀག་འགོག་བྱ་རྒྱུ་ནི་བལ་ཡུལ་གཞུང་གི་སྲིད་ཡིན། དེ་བཞིན་བལ་པོ་ཚོ་དམག་འཁྲུག་ལངས་ཡོད་པའི་རྒྱལ་ཁབ་ཁག་ཏུ་བདེ་འཇགས་སྲུང་སྐྱོབ་ཀྱི་གླ་གཡོག་རྒྱུག་ཏུ་མ་ཕྱིན་ན་ལེགས་ཞེས་ནན་གྱིས་བསྐུལ། ཡིན་ནའང་བལ་པོ་ས་ཡ་མང་པོར་འཚོ་བའི་དཀའ་ངལ་ཕྲད་ནས་ཨུ་རུ་སུ་དང་ཡུག་ཀེ་རེན། དབྱིན་ཇི་དང་རྒྱ་གར། སིངྒ་པུར་སོགས་རྒྱལ་ཁབ་ཁག་གི་དམག་ཁོངས་སུ་ཞུགས། ད་དུང་ཨི་སི་རལ་དང་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱལ་ཁབ་ཁག་ཏུ་གླ་གཡོག་རྒྱུག་ཏུ་བསྐྱོད་དེ་སྲོག་སྐྱོན་དང་རྨས་སྐྱོན་བྱུང་བའི་གནས་ཚུལ་ཡང་ནས་ཡང་དུ་ཐོན། ལྷག་པར་དུ་ཉེ་ཆར་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་གྱི་སྤྱི་དམངས་༡༥༠་ཙམ་བཙན་ཁྲིད་བྱས་པ་དེ་དག་གི་གྲས་སུ་བལ་པོ་གླ་གཡོག་རྒྱུག་མཁན་ཁག་ཅིག་ཚུད་ཡོད་པའི་གནས་ཚུལ་ཐོན་འདུག
ཕྱི་ཟླ་༡༠་པའི་ཚེས་༢༠་ཉིན་ནེའུ་ཡོག་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བལ་ཡུལ་གྱི་ན་གཞོན་ཁག་ཅིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པ་དང་ཁག་ཅིག་ཡུག་ཀེ་རེན་གྱི་དམག་ཁོངས་སུ་ཞུགས། ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་བལ་པོ་ཚོས་ཕན་ཚུན་གསོད་རེས་བྱ་རྒྱུའི་ཉེན་ཁ་ཆེ་རུ་འགྲོ་བཞིན་འདུག དཔེར་ན་ཟླ་ཤས་གོང་དུ་སན་དིབ་ཐ་པ་ལི་ཡ་་ཞེས་པའི་བལ་པོ་ཞིག་གིས་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་ནས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་རྡུར་གནས་འཁོད་སྲིང་མོ་ཤན་ཏ་ཞེས་པ་ཞིག་ལ་ཁ་པར་བཏང་སྟེ་ང་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པ་ཡིན། ང་ལ་བལ་ཡུལ་དུ་འོས་འཚམས་ཀྱི་ལས་ཀ་ཞིག་གཏན་ནས་རག་གི་མི་འདུག འདི་ནི་ང་ལ་མཚོན་ན་གདམ་ཀ་ཡག་ཤོས་དེ་རེད། ང་ཚོ་ཡུན་རིང་མི་འགོར་བར་ཡུག་ཀེ་རེན་ལ་འགྲོ་དགོས་ཀྱི་འདུག་ཅེས་བཀྲལ། སྲིང་མོ་ཤན་ཏས་ཕུ་བོ་ཁྱོད་སྨྱོས་པ་མིན་ནམ། ཁྱོད་ལ་ཁྱི་སྨྱོན་གྱིས་སོ་བརྒྱབ་པ་རེད་དམ། ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་མི་སྟོང་ཕྲག་མང་པོའི་ཚེ་སྲོག་འཆོར་གྱི་ཡོད་པ་མི་ཤེས་སམ། ཁོ་ཚོས་ཁྱོད་ལྟ་བུའི་མི་ཞིག་འབུ་སྲིན་ལའང་རྩི་ཡི་མ་རེད་ཅེས་གཤེས།།
བལ་པོ་སན་དིབ་ཐ་པ་ལི་ཡས་བདུན་ཕྲག་འགའ་ཞིག་གི་རིང་ལ་སྲིང་མོ་ཤན་ཏར་ཁ་པར་བཏང་སྟེ་ཟླ་བ་གཅིག་ལ་གླ་ཕོག་ཨུ་རུ་སུའི་རུ་བྷུལ་༧༥༠༠༠་རེ་འདུག དེ་ནི་ཨ་སྒོར་ལ་བསྒྱུར་ན་ཟླ་བ་རེར་ཨ་སྒོར་༧༥༠་ཐམ་པ་རག་གི་འདུག་ཅེས་འཕྲིན་ཐུང་དང་ཨུ་རུ་སུའི་དམག་ཆས་གྱོན་ནས་དམག་སྦྱོང་བྱེད་ཀྱི་ཡོད་པའི་འདྲ་པར་བསྐུར། དུས་ཡུན་ཟླ་བ་གཅིག་ཀྱང་མ་འགོར་བར་ང་ཚོ་ནགས་ཁྲོད་ཅིག་ཏུ་འཁྲིད་ཀྱི་འདུག ང་ཕྱིར་ལོག་བྱས་པའི་རྗེས་སུ་ཁ་པར་གཏོང་དགོས་ཞེས་སྲིང་མོར་ལན་ཞིག་བཞག དེ་ནས་བཟུང་སྟེ་སན་དིབ་ཐ་པ་ལི་ཡ་ཤི་གསོན་ཅི་ཡིན་གོ་ཐོས་མེད་པར་གྱུར། ཁོ་པའི་གནས་ཚུལ་གྱིས་ཐག་རིང་གི་དམག་ས་ཁག་ཏུ་བསད་རྨས་ཚབས་ཆེན་བྱུང་། བཟའ་མི་ཚོས་ཤུལ་དུ་སེམས་སྡུག་དྲག་པོ་མྱོང་བཞིན་པའི་བལ་པོའི་ཁྱིམ་ཚང་བརྒྱ་ཕྲག་མང་པོའི་སྐྱིད་སྡུག་མཚོན་ཐུབ། བལ་ཡུལ་གཞུང་གིས་ནེའུ་ཡོག་དུས་བབ་ཚགས་པར་གྱི་གསར་འགོད་པར་ཡིག་ཆ་སྤྲད་པ་དེའི་ནང་དུ་བལ་པོ་ཁག་ཅིག་ཡུག་རེ་ཀེན་གྱི་དམག་ཁོངས་སུ་ཞུགས་ཡོད་ཀྱང་བལ་པོ་མང་ཆེ་བ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཡོད་པ་ཤེས་རྟོགས་ཐུབ་འདུག
བལ་ཡུལ་གྱི་གཞུང་འཛིན་མཉམ་སྐྱོང་ཚོགས་པའི་གྲོས་ཚོགས་འཐུས་མི་ར་ཇེན་དྷྲ་བྷ་ཇ་གྷེན་གྱིས་བལ་པོ་རྣམས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་འགོག་མ་ཐུབ་ཚེ། ནམ་ཞིག་ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་བལ་པོ་ཚོས་ཕན་ཚུན་གསོད་རེས་བྱ་དགོས་ཐུག་ས་རེད། ངས་འདི་དག་ཐམས་ཅད་མིག་གིས་མཐོང་ན་གནོད་འགྱོད་སྐྱེ་ཡི་འདུག འདི་ནི་ཁྲིམས་འགལ་རེད། བལ་ཡུལ་གཞུང་གིས་ངེས་པར་དུ་ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་ལ་བལ་པོའི་སྤྱི་དམངས་རྣམས་དམག་ཁོངས་སུ་བསྡུ་རྒྱུ་མཚམས་འཇོག་བྱ་དགོས་ཞེས་བཤད་དགོས་མོད། འོན་ཀྱང་བལ་ཡུལ་གཞུང་ལ་དེ་ལྟར་བཤད་ཕོད་པའི་སྙིང་སྟོབས་ཡོད་རྒྱུ་མ་རེད་ཅེས་བཀའ་བཀྱོན་ཕབ། ལོ་འདིའི་ཕྱི་ཟླ་༥་པའི་ནང་སྲིད་འཛིན་ཕུ་ཊིན་ནས་ཕྱི་རྒྱལ་གྱི་སྤྱི་དམངས་རྣམས་ཨུ་རུ་སུའི་དམག་ཁོངས་སུ་བསྡུ་རྒྱུ་ཡིན། ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་ཕྱི་རྒྱལ་བ་ཚོ་ཨུ་རུ་སུའི་སྤྱི་དམངས་ལ་མྱུར་དུ་འགྱུར་ཆོག་པའི་ཐོབ་ཐང་སྤྲོད་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་འདུག
ཕྱི་ཟླ་༡༡་པའི་ཚེས་༢༧་ཉིན་ཚོང་ལས་ནང་ཚགས་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་ཡུག་ཀེ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་ཨུ་རུ་སུའི་ན་གཞོན་དམག་ཁྲལ་རྒྱུག་ཐུབ་མཁན་མི་གྲངས་འབུམ་༩་ལྷག་གིས་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཕྱི་རྒྱལ་དུ་བྲོས། ད་ལྟའི་བར་དུ་ཡུག་ཀེ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་མི་འབུམ་༣་ལྷག་བསད། ན་ནིང་ཕྱི་ཟླ་༡༠་པའི་ནང་ཨུ་རུ་སུའི་གཞུང་གིས་དམག་མི་འབུམ་༢་བསྡུས་ཀྱང་དམག་སྦྱོང་ཡག་པོ་མ་ཐོབ་པ་དང་མཚོན་ཆ་ཡག་པོ་མེད། ཨུ་རུ་སུའི་དམག་མི་རྣམས་དཔའ་ཞུམ་སྟེ་ཡུག་ཀེ་རེན་གྱི་དམག་ལ་འཐབ་རྒོལ་བྱེད་མ་ཐུབ་པར་ཕམ། སྲིད་འཛིན་ཕུ་ཊིན་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་ནས་སི་རི་ཡ་དང་བལ་ཡུལ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཁག་དང་ལྷོ་ཨ་མི་རི་ཀ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་གླས་དམག་བསྡུས། ཡུག་ཀེ་རེན་ལ་རྒྱལ་སྤྱིའི་དང་བླངས་དཔུང་སྡེ་ཡོད་པ་ལྟར་ཨུ་རུ་སུས་ཀྱང་ཕྱི་རྒྱལ་བའི་དཔུང་སྡེ་བཙུགས་ནས་དམར་སར་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག