༄༅།། ཨ་རིའི་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་གྱིས་ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་ལ་ཁ་པར་ནང་དུ་ཡུཀ་རེན་གྱི་དམག་འཁྲུག་ཛ་དྲག་ཆེ་རུ་མ་གཏོང་ཞེས་ནན་སྐུལ་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་རོ་ཡེ་ཊར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཌོ་ནལ་ཊམ་དང་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་གཉིས་ཀྱིས་ཁ་པར་ནང་དུ་གྲོས་མོལ་བྱས་ཤིང་། གཟའ་ཕུར་བུའི་ཉིན་ཌོ་ནལ་ཊམ་དང་ཕུ་ཊིན་གཉིས་གྲོས་མོལ་བྱུང་། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཌོ་ནལ་ཊམ་གྱིས་ཨ་མི་རི་ཀས་ཡུཀ་རེན་ལ་མཚོན་ཆ་དང་དཔལ་འབྱོར་རོགས་རམ་ཕོན་ཆེན་སྤྲོད་ཀྱི་ཡོད་པར་སྐྱོན་བརྗོད་བྱས་ནས་དམག་འཁྲུག་མྱུར་དུ་མཇུག་སྒྲིལ་དུ་འཇུག་རྒྱུ་ཡིན་ཞེས་ཁས་བླངས། ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོར་ཌོ་ནལ་ཊམ་དང་ཕུ་ཊིན་གཉིས་ཀྱིས་གྲོས་མོལ་བྱ་རྒྱུ་ཡིན་ཞེས་སྔོན་བརྡ་བཏང་མེད་པས་དེ་ལ་རྒྱབ་སྐྱོར་དང་དགག་པ་སོགས་ཅི་ཡང་རྒྱག་ཤེས་ཀྱི་མི་འདུག་ཅེས་གསལ་བསྒྲགས་སྤེལ།།
མི་ཚོས་ཌོ་ནལ་ཊམ་དང་ཕུ་ཊིན་གྱི་གྲོས་མོལ་དེའི་ནང་དོན་ཅི་ཡིན། ལྷག་པར་དུ་ཊམ་གྱིས་ཉི་མ་གཅིག་གི་ནང་དུ་ཡུཀ་རེན་དང་ར་ཤི་ཡའི་དམག་འཁྲུག་མཚམས་འཇོག་བྱེད་དུ་འཇུག་ཐུབ་ཅེས་བཤད་པའི་སྐད་ཆ་དེའི་གོ་དོན་ཅི་ཡིན་ཤེས་ཀྱི་མེད་མོད། ཉམས་ཞིབ་མང་ཆེ་བས་ཌོ་ནལ་ཊམ་གྱི་འཆར་གཞི་ནི་ཡུཀ་རེན་གྱི་ས་ཆ་ཤོར་ཟིན་པ་རྣམས་ར་ཤི་ཡར་སྤྲད་ནས་བློས་གཏང་རྒྱུ་དང་མ་འོངས་པའི་ལོ་༢༠་རིང་ཡུཀ་རེན་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུའི་སྐད་ཆ་བཤད་མི་ཆོག་པ། དེང་སྐབས་ལྷོ་བྱང་ཀོ་རི་ཡའི་ས་མཚམས་སུ་བར་སྟོང་གི་ས་ཆ་བཞག་སྟེ་དམག་འཁྲུག་བཀག་ཡོད་པ་ལྟར་ཡུཀ་རེན་དང་ར་ཤི་ཡའི་ས་མཚམས་སུའང་བར་སྟོང་གི་ས་ཆ་ཞིག་འཇོག་རྒྱུ། ཨ་མི་རི་ཀས་ཡུཀ་རེན་ལ་དམག་དོན་དང་དཔལ་འབྱོར་རོགས་རམ་གང་འཚམ་རེ་སྤྲོད་རྒྱུའི་འཆར་གཞི་རེད་ཅེས་གླེང་། གལ་སྲིད་ཉམས་ཞིབ་པ་ཚོས་ཚོད་དཔག་བྱས་པ་དེ་ཌོ་ནལ་ཊམ་གྱི་འཆར་གཞི་ངོ་མ་ཡིན་ཚེ། ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་གྱི་མངོན་འདོད་ཡོངས་སུ་གྲུབ་པ་མིན་ནམ།།
གསར་འགོད་པ་ཚོས་ཌོ་ནལ་ཊམ་དང་ཕུ་ཊིན་གཉིས་ཀྱིས་གྲོས་མོལ་ཅི་ཞིག་བྱས་པ་རེད་ཅེས་འབྲེལ་མཐུད་འགན་འཛིན་སི་ཊི་ཝེན་ཀྲང་(Steven Cheung)་ངམ། ཀྲང་ཧུ་ཡེན་ལ་དྲིས། སི་ཊི་ཝེན་ཀྲང་གིས་ང་ཚོས་ཌོ་ནལ་ཊམ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་སྒེར་གྱི་བཀའ་མོལ་གནང་བའི་ནང་དོན་རྣམས་ཕྱིར་སྒྲིགས་བྱེད་ཀྱི་མིན་ཞེས་ལན་བཏབ། ཝ་ཤིང་ཊོན་དུ་བཅའ་སྡོད་ར་ཤི་ཡའི་གཞུང་ཚབ་ཁང་གིས་ཀྱང་འགྲེལ་བཤད་ཅི་ཡང་མ་བརྒྱབ། དེ་རིང་གཟའ་ཟླ་བའི་ཉིན་ར་ཤི་ཡའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་(Dmitry Peskov)་ཀྱིས་སྲིད་འཛིན་ཕུ་ཊིན་དང་ཌོ་ནལ་ཊམ་གཉིས་ཀྱིས་གྲོས་མོལ་བྱས་ཡོད་པ་མ་རེད། སྐད་ཆེ་དེ་ཚོ་དཀྲོག་གཏམ་འབའ་ཞིག་ཡིན་པ་དང་རྫུན་མ་རེད། སྲིད་འཛིན་ཕུ་ཊིན་གྱིས་ཌོ་ནལ་ཊམ་ལ་བཀའ་མོལ་གནང་རྒྱུའི་འཆར་གཞི་གཏན་འབེབས་བྱས་མེད་ཅེས་བསྒྲགས།།
ཕྱི་ཟླ་༡༡་པའི་ཚེས་༡༠་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཌོ་ནལ་ཊམ་གྱི་ནང་འཁོར་ཞིག་གིས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པར་ཊམ་གྱིས་ཕུ་ཊིན་ལ་བཀའ་མོལ་གནང་བའི་སྐབས་སུ་ཡུཀ་རེན་གྱི་དམག་འཁྲུག་ཛ་དྲག་ཆེ་རུ་མ་གཏོང་། ཡུ་རོབ་གླིང་དུ་ཨ་རིའི་དམག་དཔུང་འགྲེམ་འཇོག་བྱས་ཡོད་ཅེས་དྲན་སྐུལ་བྱས་སོང་ཞེས་བསྟན། མི་གཞན་ཞིག་གིས་ཌོ་ནལ་ཊམ་གྱིས་ཕུ་ཊིན་ལ་ང་ཚོས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཐབས་སུ་སླར་ཡང་གྲོས་མོལ་མྱུར་དུ་བྱེད་ཆོག ས་ཆ་དང་མི་དམངས་ཀྱི་གནད་དོན་ཐད་གྲོས་མོལ་བྱ་དགོས་ཟེར་སོང་ཞེས་ཚིག་འགའ་བསྣན། ཌོ་ནལ་ཊམ་གྱིས་ཕུ་ཊིན་ལ་བཀའ་མོལ་གནང་བའི་སྐབས་སུ་ཕྱི་སྲིད་ལྷན་ཁང་གི་སྐད་སྒྱུར་དྲུང་དུ་མེད་པ་དང་ཊམ་གྱི་རྒྱབ་སྐྱོར་བ་ཕྱུག་བདག་ཆེན་པོ་ཨེ་ལན་མ་སིཀ་(Elon Musk)་ལྷན་དུ་ཡོད་པའི་གནས་ཚུལ་ཐོན་འདུག
ཉེ་ཆར་ཕྱི་ཟླ ༩་པའི་ནང་ཌོ་ནལ་ཊམ་གྱིས་བྱང་ཁེ་རོ་ལེ་ན་མངའ་སྡེའི་ནང་དུ་བཤད་པ་ལྟར་ན། ད་ལྟའི་གནས་སྟངས་ལས་ཡུཀ་རེན་གྱིས་ཐབས་སྐྱོའི་འགྲིག་འཇགས་ཤིག་བྱ་དགོས་བྱུང་ཡང་ལེགས། ཁོ་ཚོས་ཅུང་ཙམ་བློས་གཏང་དགོས་ཀྱང་མི་ཚང་མ་འཚོ་གནས་ཐུབ་པ་དང་ཁང་ཆེན་རྣམས་བསྐྱར་དུ་འཛུགས་སྐྲུན་ཐུབ། མཁར་ལྕོག་རྣམས་སླར་ཡང་ལོ་༢༠༠༠་ལ་གནས་ཐུབ། ད་ལྟ་འགྲིག་འཇགས་ཅི་ཞིག་བྱ་དགོས་སམ། ཁང་ཆེན་རྣམས་གཏོར་ཚར་བ་དང་མི་རྣམས་ཤི་ཚར་བ་རེད། རྒྱལ་ཁབ་དེ་ས་རོ་རྡོ་རོར་བསྒྱུར་ཚར་བ་རེད་ཅེས་བཀྲལ། ཌོ་ནལ་ཊམ་དང་ཕུ་ཊིན་གྱི་བཀའ་མོལ་དེར་ཆ་རྒྱུས་ཡོད་པའི་ཨ་རིའི་གཞུང་འབྲེལ་མི་སྣ་ཟུར་པ་ཞིག་གིས་ཊམ་ལ་ལས་ཁུར་བཞེས་མ་ཐག་ཏུ་ཡུཀ་རེན་གྱི་དམག་འཁྲུག་ཛ་དྲག་ཇེ་ཆེར་འགྲོ་རུ་འཇུག་འདོད་མེད་པས་ཕུ་ཊིན་ལ་དམག་འཁྲུག་ཞི་འཇམ་གཏང་དགོས་པའི་སྐུལ་ལྕག་བཏང་བ་རེད་ཅེས་ནང་མོལ་བྱས་འདུག
གཟའ་ཕུར་བུའི་ཉིན་ཕུ་ཊིན་གྱིས་ཌོ་ནལ་ཊམ་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་ཡོངས་གྲགས་སུ་རྟེན་འབྲེལ་ཞུས། ཁོ་པས་ཌོ་ནལ་ཊམ་ནི་ངོ་མར་ཕོ་ཁྱོ་ག་ཞིག་རེད། ཁོ་པ་པེན་སིལ་ཝེ་ཎི་ཡ་མངའ་སྡེའི་ནང་དུ་གསོད་གྲབས་བྱས་ཀྱང་བསྐྱར་དུ་ལངས་ཐུབ་པ་རེད་ཅེས་བསྟོད་པ་འཐེན། ཁོ་པས་ང་ཌོ་ནལ་ཊམ་ལ་གྲོས་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད་ཅེས་བཤད་པར་མ་ཟད། ཁ་སང་གཟའ་ཉི་མར་ར་ཤི་ཡའི་བརྙན་འཕྲིན་ཁང་གིས་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ལ་བཅར་འདྲི་ཞུས། ཕེ་སི་ཀོབ་ནས་ཌོ་ནལ་ཊམ་གྱི་ལས་དུས་གཉིས་པའི་རིང་ར་ཤི་ཡ་དང་ཨ་རིའི་འབྲེལ་བ་ཡག་ཏུ་འགྲོ་སྲིད་པའི་རྟགས་མཚན་ཞིག་མངོན། འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ཌོ་ནལ་ཊམ་གྱིས་འགྲིག་འཇགས་བྱ་དགོས། ངས་འགྲིག་འཇགས་བྱེད་དུ་བཅུག་སྟེ་ཞི་བདེ་བསྐྲུན་ཐུབ་ཟེར་བ་རེད། ཁོ་པས་མ་མཐར་ཡང་ཞི་བདེ་བསྐྲུན་དགོས་བ་དང་གདོང་ཐུག་རྒྱག་མི་ཉན། ར་ཤི་ཡ་རྦད་དེ་ཕམ་ཉེས་གཏོང་དགོས་ཟེར་ཡོད་པ་མ་རེད་ཅེས་སྒྲུབ་བྱེད་བཀོད།།
ཁ་སྔོན་ཕྱི་ཟླ་༨་པའི་ཚེས་༦་ཉིན་ཡུཀ་རེན་གྱི་དམག་གིས་ར་ཤི་ཡའི་ཀོར་སི་ཀ་མངའ་ཁུལ་དུ་བཙན་འཛུལ་བྱས་ནས་ས་ཆ་ཕྲོགས། ཟླ་བ་སྔོན་མ་ནས་བྱང་ཀོ་རི་ཡའི་དམག་མི་༡༢༠༠༠་ལྷག་ར་ཤི་ཡར་དཔུང་གྲོགས་སུ་བསླེབས། བྱང་ཀོ་རི་ཡའི་དམག་དཔུང་ཀོར་སི་ཀ་མངའ་ཁུལ་དུ་བཏང་སྟེ་ས་ཆ་ཕྱིར་ལེན་གྱི་དམག་འཁྲུག་ལ་ཞུགས། ཉམས་ཞིབ་པ་ཚོས་ཌོ་ནལ་ཊམ་གྱི་ལས་དུས་གཉིས་པའི་རིང་ཨ་རི་དང་ཡུ་རོབ་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་སྲིད། ཨ་རི་དང་ཡུ་རོབ་གཉིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་མ་ཐུབ་པར་ཡུཀ་རེན་གྲོགས་མེད་དུ་ལུས། ར་ཤི་ཡ་དང་ཨི་རན། བྱང་ཀོ་རི་ཡ་དང་རྒྱ་ནག་བཞི་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ར་ཤི་ཡ་ལས་ལྷག་པའི་ཁ་གཏད་གཅོག་མཁན་སྟོབས་ཤུགས་ཅན་ཞིག་ཐོན་ས་རེད་ཅེས་སྔོན་བརྡ་བཏང་ཞིང་། ཁ་སྔོན་ཕྱི་ཚེས་༨་ཉིན་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་དང་མཐུན་གྲོགས་གཙོ་བོ་ཡུ་རོབ་རྒྱལ་ཁབ་ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱིས་ཨ་རིའི་སྲིད་གཞུང་གསར་པས་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་མ་རེད་ཅེས་བཤད་འདུག
གཟའ་ལྷག་པའི་ཉིན་སྲིད་འཛིན་བྷ་ཌན་གྱིས་འདེམས་ཐོན་སྲིད་འཛིན་ཌོ་ནལ་ཊམ་ཕོ་བྲང་དཀར་པོར་གདན་འདྲེན་ཞུས་ནས་སྲིད་དབང་རྩིས་སྤྲོད་ཀྱི་གྲོས་མོལ་བྱ་རྒྱུ་ཡིན་ཞིང་། སྲིད་འཛིན་བྷ་ཌན་གྱི་རྒྱལ་སྲུང་སློབ་སྟོན་པ་ཇཱེཀ་སུ་ལི་ཝན་(Jake Sullivan)་གྱིས་གསར་འགོད་པར་བཤད་པ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་ཌོ་ནལ་ཊམ་ལ་ཡུ་རོབ་དང་ཨེ་ཤི་ཡ། དཀྱིལ་ཤར་ས་ཁུལ་དུ་ཅི་ཞིག་འབྱུང་གི་ཡོད་པ་རྣམས་གསལ་བཀྲོལ་གནང་གི་རེད། མ་འོངས་པའི་ཟླ་བ་གཉིས་ལྷག་གི་རིང་སྲིད་འཛིན་བྷ་ཌན་གྱིས་གྲོས་ཚོགས་ལ་ཨ་མི་རི་ཀས་ཡུཀ་རེན་ལ་རྒྱབ་སྐྱོར་བྱ་རྒྱུ་མཚམས་ཆད་མི་ཉན་པའི་རྒྱུ་མཚན་བགྲང་འཆར་ཡོད་ཅེས་སྨྲས། སྲིད་འཛིན་བྷ་ཌན་གྱི་དུས་སུ་ཨ་མི་རི་ཀས་ཡུཀ་རེན་ལ་ཨ་སྒོར་ཐེར་འབུམ་༡༧༤་དམག་དོན་རོགས་རམ་སྤྲད། ད་ལོའི་འོས་བསྡུའི་རྗེས་སུ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་དང་ཕོ་བྲང་དཀར་པོ་བཅས་སྤྱི་མཐུན་ཚོགས་པར་ཐོབ་ཡོད་པས་ཡུཀ་རེན་ལ་སྔར་བཞིན་དམག་དོན་རོགས་དངུལ་སྤྲོད་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག