ཇེ་ཌི་ ཝེནྶ་ནི་ཨིས་རལ་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་འགག་པ་བྱེད་མཁན་ཞིག་ཡིན་པ།

སྲིད་འཛིན་ཟུར་པ་ཌོ་ནལྜ་ ཀྲམ་གྱི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ་ཇེ་ཌི་ ཝེནྶ་ཡིས་

Your browser doesn’t support HTML5

ཇེ་ཌི་ ཝེནྶ་ནི་ཨིས་རལ་ལ་རྒྱབ་སྐྱོར་དང་རྒྱ་ནག་ལ་འགག་པ་བྱེད་མཁན་ཞིག་ཡིན་པ།

སྲིད་འཛིན་ཟུར་པ་ཌོ་ནལྜ་ ཀྲམ་གྱི་སྲིད་འཛིན་གཞོན་པའི་འོས་མིར་བདམས་པ་ཇེ་ཌི་ ཝེནྶ་ཡིས་རེས་གཟའ་ལྷག་པའི་ཉིན་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་འཐུས་མི་ལྷན་འཛོམས་ལ་གཏམ་བཤད་བྱས་སྐབས་ཨ་རིའི་རྒྱལ་ནང་བདེ་འཇགས་དང་ཕྱི་འབྲེལ་སྲིད་ཇུས་ལ་དམིགས་བཀར་གཏམ་བཤད་བྱས་འདུག་ཅིང་། ལྷན་འཛོམས་དེར་སྐུ་ཞབས་ཀྲམ་གྱིས་བདམས་པའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་བྱ་རྒྱུའི་ཁས་ལེན་བྱས་འདུག

ཨ་རིས་ད་བར་བོར་རླག་སོང་བ་དེ་སླར་གསོ་བྱ་རྒྱུར་སྲིད་འཛིན་ཀྲམ་ནི་ཨ་རི་བ་ཚོའི་རེ་བ་མཐའ་མ་དེ་རེད་ཅེས་དང། ད་རིང་ཨ་རིའི་ལུང་ཁུག་ལ་འཚར་ལོངས་བྱུང་བའི་བུ་ཕྲུག་གཅིག་ཨ་རིའི་སྲིད་འཛིན་གཞོན་པ་རྗེས་མའི་མིང་ཐོག་ནས་སྡིངས་ཆ་འདིར་ལངས་ཀྱི་ཡོད་ཅེས་གསལ་བསྒྲགས་བྱས་འདུག

ལྷན་འཛོམས་དེར་གཏམ་བཤད་བྱས་སྐབས་སྐུ་ཞབས་ཝེནྶ་ཡིས་རྒྱ་ནག་དེ་ཇི་ཙམ་ཉེན་ཁ་ཆེ་ཚུལ་ཐད་འགྲེལ་བརྗོད་མང་པོ་བྱས་ནའང་། ཨུ་རུ་སུས་ཡུ་ཀེ་རན་ལ་བཙན་འཛུལ་དམག་འཐབ་བྱེད་བཞིན་པའི་སྐོར་དང། གྷ་ཛའི་དམག་འཐབ་སྐོར་གླེང་སློང་ཙམ་བྱས་མེད། ལོ་ན་༣༩ ཡིན་པའི་སྐུ་ཞབས་ཝེནྶ་ཡིས་ཨ་རིའི་གྲོས་ཚོགས་འཐུས་མི་ལོ་ངོ་གཉིས་ཙམ་གནང་བའི་ཉམས་མྱོང་ཡོད་པ་ལས། ཕྱི་འབྲེལ་ལས་དོན་ཐད་ལ་ཉམས་མྱོང་གང་ཡང་མེད། འོན་ཀྱང་ཉེ་བའི་དུས་སུ་ཁོང་གིས་ཕྱི་འབྲེལ་ཐད་ལ་གླེང་སློང་བྱས་པ་མང་ཆེ་བ་སྐུ་ཞབས་ཀྲམ་གྱིས་ཨ་རི་གཙོ་བཟུང་བྱ་རྒྱུའི་ལངས་ཕྱོགས་དང་མཐུན་པའི་སྐད་ཆ་བཤད་ཡོད། ལངས་ཕྱོགས་དེའི་ནང་ཨིས་རལ་ལ་རྒྱབ་སྐྱོར་བྱ་རྒྱུ་དང། རྒྱ་ནག་ལ་འགག་པ་བྱ་རྒྱུ་གཙོ་བོ་དམིགས་ཡོད་པར་བརྟེན་ཡོ་རོབ་མངའ་ཁོངས་རྒྱལ་ཁབ་ཚོས་ཁོང་གི་ལངས་ཕྱོགས་དེར་བློ་འཚབ་ཆེན་པོ་བྱེད་ཀྱི་ཡོད།

ཨ་རིས་རྒྱལ་ཁབ་གཞན་ལ་དམག་དོན་གྱི་ཐེ་གཏོགས་བྱ་རྒྱུའི་རིགས་ལ་ཁོང་གིས་འདོད་མོས་བྱེད་ཀྱི་མེད་པ་མ་ཟད། རྒྱལ་ཁབ་གཞན་ལ་རོགས་རམ་བྱ་རྒྱུའི་ཐད་ལའང་འགག་པ་བྱེད་ཀྱི་ཡོད། ཁོང་གིས་གསུངས་དོན། ཨ་རིས་དུས་གཅིག་ལ་ཡུ་ཀེ་རན་དང་དཀྱིལ་ཤར་ཡུལ་གྲུ་ཁག་ལ་རྒྱབ་སྐྱོར་བྱས་པ་དང་འབྲེལ། ཤར་ཨེ་ཤེ་ཡའི་དཀའ་རྙོག་ལ་གདོང་ལེན་བྱ་རྒྱུ་གཉིས་དུས་མཉམ་དུ་གྲ་སྒྲིག་བྱས་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།

འདི་ལོའི་ཟླ་བ་གཉིས་པའི་ནང་མུ་ནིག་བདེ་འཇགས་ལྷན་འཛོམས་ལ་གཏམ་བཤད་བྱས་སྐབས་ཁོང་གིས་གོ་མཚོན་བཟོ་བསྐྲུན་གྱི་ཐད་ཏག་ཏག་མེད་པས་དེ་ནི་རྒྱུ་མཚན་མེད་པ་གཅིག་རེད་ཅེས་གསུངས་ཡོད་པ་རེད།

ཨ་རིའི་ནང་གི་སི་ཊིམ་སོན་ཉམས་ཞིབ་ལྟེ་གནས་ཁང་གི་དཔྱད་ཞིབ་པ་བགྲེས་པ་ཨི་མ་ ཨཤ་ཕོརྜ་ཡིས་གསུངས་དོན་ལ། སྐུ་ཞབས་ཝེནྶ་ནི་ཨ་རིས་རྒྱལ་ཁབ་གཞན་ལ་ཐེ་གཏོགས་མ་བྱས་པར་ཁྱེར་རྐྱང་སྡོད་དགོས་པའི་ལངས་ཕྱོགས་འཛིན་མཁན་ཞིག་མ་རེད་ཅེས་གསུངས་འདུག དཔེར་ན། ཉེ་ལམ་ཁོང་གིས་ཕྱི་འབྲེལ་སྲིད་ཇུས་ཐད་ལ་གཏམ་བཤད་བྱས་པའི་ནང། ཨིས་རལ་དང་སུ་ནི་ཁ་ཆེ་བ་ཚོས་དཀྱིལ་ཤར་མངའ་ཁོངས་ཀྱི་བདེ་འཇགས་སྲུང་དགོས་པ་དང། ཡོ་རོབ་མངའ་ཁུལ་རྒྱལ་ཁབ་ཚོས་ཡོ་རོབ་ཁུལ་གྱི་བདེ་འཇགས་ཀྱི་འགན་ལེན་དགོས་ཀྱི་རེད། དེ་ལྟར་བྱས་ན། ང་ཚོས་ཤར་ཨེ་ཤེ་ཡའི་གནད་དོན་ལ་དོ་སྣང་སྤྲད་ཐུབ་གྱི་རེད་ཅེས་བཤད་ཡོད་པ་རེད། དེ་ལ་བརྟེན་ཁོང་ནི་གནད་དོན་གལ་ཆེ་གལ་ཆུང་ལ་གཞིགས་པའི་ཐོག་ནས་ཐག་གཅོད་བྱེད་མཁན་ཞིག་ཡིན་སྲིད་པ་རེད་ཅེས་ཉམས་ཞིབ་པ་ཨཤ་པོརྜ་ཡིས་འགྲེལ་བརྗོད་བྱས་ཡོད་པ་རེད།

ལངས་ཕྱོགས་དེ་ནི་བྷ་ཊན་འཛིན་སྐྱོང་གི་སྲིད་བྱུས་དང་ཁྱད་པར་ཆེན་པོ་ཆགས་ཡོད། བྷ་ཊན་འཛིན་སྐྱོང་གི་ཕྱི་འབྲེལ་ལངས་ཕྱོགས་ནི། འཛམ་གླིང་གི་མངའ་ཁུལ་ཡོངས་རྫོགས་གཅིག་ལ་གཅིག་བརྟེན་ཡིན་པར་བརྟེན་ཨ་རིས་འཛམ་གླིང་འགོ་ཁྲིད་དགོས་པའི་འདོད་ཕྱོགས་འཛིན་གྱི་ཡོད་རེད་ཅེས་འགྲེལ་བརྗོད་བྱས་ཡོད།

དེ་ལྟར་ནའང་། སྐུ་ཞབས་ཝེནྶ་ཡིས་རྒྱ་ནག་ལ་དོ་སྣང་གཙོ་བྱ་རྒྱུར་ཡོ་རོབ་དང་དཀྱིལ་ཤར་ཁུལ་ནས་ཨ་རི་ཕྱིར་འཐེན་བྱེད་དགོས་པའི་འདོད་ཚུལ་དེ་སྤྱི་མཐུན་ཚོགས་པ་གཅིག་པོའི་ལངས་ཕྱོགས་ཞིག་ཀྱང་ཆགས་ཀྱི་མེད། དཔེར་ན། ཕྱི་ལོ་༢༠༠༩ ནས་༢༠༡༧ བར་ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་ཨོ་བྷ་མས་ཨེ་ཤེ་ཡ་ལ་ཁ་ཕྱོགས་བསྒྱུར་དགོས་པའི་ལངས་ཕྱོགས་བཟུང་ཡོད། འོན་ཀྱང་རྗེས་སུ་ཨ་རིས་ཡོ་རོབ་དང་དཀྱིལ་ཤར་ཡུལ་གྲུའི་དཀའ་ངལ་ནང་འཐིམ་ནས་ཨེ་ཤེ་ཡར་ཁ་་ཕྱོགས་དགོས་པའི་ལངས་དེ་རྒྱུན་འཁྱོངས་བྱེད་ཐུབ་མེད། ཡུ་ཀེ་རན་ལྟ་བུར་ཆ་མཚོན་ན། ཡོ་རོབ་མངའ་ཁུལ་རྒྱལ་ཁབ་ཚོས་ཡོ་རོབ་སྤྱིའི་བདེ་འཇགས་དང་འབྲེལ་བའི་ཐོག་ནས་ཡུ་ཀེ་རན་གྱི་བདེ་འཇགས་ལ་འགན་འཁུར་དགོས་ཀྱི་ཡོད་ཅིང་། ཨ་རིས་ཡུ་ཀེ་རན་ལ་རོགས་རོགས་རམ་བྱེད་བཞིན་པ་དེ་ཉུང་འཕྲི་བྱེད་དགོས་ལུགས་སྐུ་ཞབས་ཀྲམ་གྱིས་ནན་བརྗོད་བྱེད་ཀྱི་ཡོད་པ་བཞིན་སྐུ་ཞབས་ཝེནྶ་ཡིས་རྒྱབ་སྐྱོར་བྱེད་ཀྱི་ཡོད།

མུ་ནིག་བདེ་འཇགས་ལྷན་འཛོམས་སྐབས་སུ་སྐུ་ཞབས་ཝེནྶ་ཡིས་བཤད་དོན་ལ། སྲིད་འཛིན་པུ་ཀྲིན་ནི་ཡོ་རོབ་ཆགས་འཇིགས་ལ་ཉེན་འཚབ་བཟོ་མཁན་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ཅེས་དང། ཡུ་ཀེ་རན་གྱིས་རང་ཉིད་ཀྱི་ས་ཆ་གློས་གཏོང་བྱེད་དགོས་པ་བྱུང་བ་ཡིན་ནའང། ཨུ་རུ་སུའི་མཉམ་དུ་གྲོས་མོལ་བྱས་ཏེ་ཞི་འགྲིགས་ཡོང་ཐབས་བྱེད་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་བྱས་པ་དེར་ཡོ་རོབ་ཁུལ་གྱི་ཕྱི་འབྲེལ་མི་སྣར་བློ་འཚབ་ཧ་ཅང་ཆེན་པོ་བཟོས་ཡོད་པ་རེད།

ཡུ་ཀེ་རན་ཆེད་ཨ་རིའི་གཞུང་ཚབ་ཟུར་པ་དང་ད་ཆ་ཨེཌ་ལན་ཌིག་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་ཡིན་པ་ཇོན་ ཧར་བྶ་ཌིས་གསུངས་དོན་ལ། པུ་ཀྲིན་གྱི་ཐད་ལ་ཝིནྶ་ཡི་བསམ་ཚུལ་དང་ལངས་ཕྱོགས་དེ་གནད་དོན་མགོ་མ་འཚོས་པའི་ལངས་ཕྱོགས་རེད་ཅེས་གསུངས་འདུག

ཡང་སྐུ་ཞབས་ཝེནྶ་ཡི་རྒྱ་ནག་ཐད་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་ཡོད་པ་རེད། སྐུ་ཞབས་ཀྲམ་གྱིས་འགྲེལ་བརྗོད་བྱེད་བཞིན་པ་ལྟར་རྒྱ་ནག་གིས་ཨ་རིའི་བཟོ་གྲྭའི་ལས་ཀ་རྐུ་འཁྱེར་བྱེད་བཞིན་ཡོད་ཅེས་བཤད་པ་གཅིག་མཚུངས་སྐུ་ཞབས་ཝེནྶ་ཡིས་འགྲེལ་བརྗོད་བྱས་ཡོད། ཁོང་གིས་ཨ་རིའི་མི་མང་ཚོས་འཚོ་བརྟེན་ལས་ཀ་སྲུང་སྐྱོབ་བྱེད་ཀྱི་ཡིན། རྒྱ་ནག་དམར་ཤོག་ཚོགས་པས་ཨ་རིའི་མི་མང་གི་རྒྱབ་ཏུ་རྒྱ་ནག་ནང་འབྱོར་འབྲིང་གི་སྤྱི་ཚོགས་སྐྲུན་འཇུག་གི་མིན་ཞེས་འཐུས་མི་ལྷན་འཛོམས་དེར་འགྲེལ་བརྗོད་བྱས་ཡོད།

ར་མ་པོ་མཐོ་རིམ་སློབ་གྲྭའི་ཆབ་སྲིད་སྡེ་ཚན་གྱི་སློབ་དཔོན་ཌན་ཅན་གྱིས་རྒྱ་ནག་ལ་དཔལ་འབྱོར་དམ་དྲག་བཙན་འགེལ་བྱ་རྒྱུ་དང། རྒྱ་ནག་ནས་ནང་འདྲེན་བྱེད་བཞིན་པའི་དངོས་ཟོག་ལ་སྒོ་འཁྲལ་འཕར་མ་འགེལ་རྒྱུར་སྐུ་ཞབས་ཝེནྶ་ཡིས་རྒྱབ་སྐྱོར་བྱེད་བཞིན་པ་དང་། ཀྲམ་འཛིན་སྐྱོང་ཁང་གིས་རྒྱ་ནག་ཐད་ལ་རྒྱལ་གཅེས་རིང་ལུགས་ཀྱི་སྲིད་ཇུས་འཛིན་རྒྱུ་ངས་རེ་བ་བྱེད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་འགྱུར་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།