༄༅།། ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གསར་པ་གུ་ལི་ཤུང་གིས་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་ང་ཚོས་གྲ་སྒྲིག་སྡུག་ས་ཞིག་ནས་བྱ་དགོས་ཞེས་དམག་དོན་སློབ་གླིང་ཐོན་པའི་སློབ་ཕྲུག་ཚོར་གཏམ་བཤད་བྱས་འདུག ཕྱི་ཟླ་༨་པའི་ཚེས་༦་ཉིན་ཎི་ཀེ་ཨི་ཤི་ཡ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གུ་ལི་ཤུང་(Wellington Koo Li-hsiung)་ནས་ཐེ་ཝན་གྱིས་རྒྱ་ནག་ལ་གྲོས་མོལ་བྱ་རྒྱུའི་གདམ་ཀ་དེ་དོར་མེད། ད་ལྟའི་གནས་བབ་འདིར་སུས་ངོས་ལེན་མི་བྱེད་པར་ཞི་བདེ་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དུ་འཇུག་གི་མེད་ན་དེས་དམག་འཁྲུག་སློང་གི་ཡོད་པ་རེད། དེ་ནི་རྒྱ་ནག་ཡིན་པ་ལས་ཐེ་ཝན་མིན། དགྲ་བོའི་འཇིགས་སྐུལ་ལ་གཞིགས་ནས་ཐེ་ཝན་གྱིས་མཚོན་ཆ་གང་ལེགས་བསྒྲིག་དགོས། ང་ཚོས་སྟོབས་ཤུགས་ཆ་མཉམ་མེད་པའི་འཐབ་འཁྲུག་ཅིག་ལ་དགོས་ངེས་ཀྱི་མཐུན་རྐྱེན་རྣམས་བསྒྲུབས་ཏེ་དམག་དཔུང་ལ་ཡར་ཐོན་དང་དོན་དངོས་དང་མཐུན་པའི་དམག་སྦྱོང་སྤྲོད་དགོས། ཐེ་ཝན་གྱི་དམག་དཔུང་དེང་རབས་ཅན་དང་རྒྱལ་ཁབ་ལ་སྲུང་སྐྱོབ་ཐུབ་པ། རྒྱལ་ཁ་ལེན་ཐུབ་པའི་དཔུང་སྡེ་ཞིག་ཏུ་བསྒྱུར་དགོས་ཞེས་ནན་གྱིས་བསྐུལ།།
ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་(Lai Ching-te)་ལོ་ན་༦༥་ལ་སོན་པའི་ཞི་བའི་སྤྱི་དམངས་གུ་ལི་ཤུང་རྒྱལ་སྲུང་བློན་ཆེན་དུ་བསྐོས། འདི་ནི་༢༠༠༢་ནས་ཐེ་ཝན་གཞུང་གིས་དམག་མི་མ་ཡིན་པ་ཞིག་རྒྱལ་སྲུང་བློན་ཆེན་དུ་བསྐོས་པ་ཐེངས་གསུམ་པ་ཡིན་ཞིང་། ཐེ་ཝན་གཞུང་གིས་ཞི་བའི་མི་དམངས་ཁོངས་ནས་བསྐོས་པའི་རྒྱལ་སྲུང་བློན་གཅིག་བདུན་ཕྲག་གཅིག་མ་འགོར་བར་འཕོས། རྒྱལ་སྲུང་བློན་ཆེན་གཞན་པ་གཉིས་ཟླ་བ་༣་ཡས་མས་རེའི་མཚམས་ནས་འཁྱུར། ད་ལྟའི་ཐེ་ཝན་གྱི་རྒྱལ་སྲུང་བློན་ཆེན་གུ་ལི་ཤུང་དང་རྒྱལ་སྲུང་བློན་ཆེན་སྔོན་མ་རྣམས་ཀྱི་དུས་སྐབས་ནི་རྦད་དེ་་མི་འདྲ་བ་ཞིག་ཏུ་གྱུར་ཡོད་པ་སྟེ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་རྒྱུའི་ཉེན་ཁ་ཉིན་རེ་བཞིན་ཆེ་རུ་སོང་། ཉམས་ཞིབ་པ་ཕལ་ཆེ་བ་ཐེ་ཝན་གྱི་དམག་ལ་འགྱུར་བཅོས་ཆེན་པོ་ཞིག་གཏང་དགོས་ཀྱང་མཚོ་གླིང་དེའི་དམག་དཔོན་ཁག་དང་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག གྲོས་ཚོགས་འཐུས་མི་ཚོས་བཅོས་གཏོང་དུ་འཇུག་གི་མི་འདུག་ཅེས་བསྟན།།
སྲིད་འཛིན་ལེ་ཆིང་ཏེས་ལས་ཁུར་དམ་བཅའ་བཞག་པའི་ཕྱི་ཉིན་དེར་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར་ནས་དམག་སྦྱོང་བྱ་རྒྱུ་འགོ་ཚུགས། པེ་ཅིང་གི་དབང་འཛིན་པ་ཚོས་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་ལེ་ཆིང་ཏེ་རང་བཙན་གྱི་ལམ་དུ་བསྐྱོད། ཁོ་པ་ཐེ་ཝན་བདག་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞེས་འཐབ་རྩོད་བྱེད་མཁན་ཞིག་ཡིན་པས་ཉེས་ཆད་དྲག་པོ་གཅོད་དགོས་ཟེར། ༢༠༡༦་ལོར་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཚེ་དབྱིན་ཝེན་སྲིད་འཛིན་ལ་འདེམས་ཐོན་བྱུང་ནས་བཟུང་། རྒྱ་ནག་གིས་ཐེ་ཝན་ལ་གྲོས་མོལ་བྱ་རྒྱུ་མཚམས་བཅད། ཐེ་ཝན་གྱི་མཁའ་དབྱིངས་དང་མཚོ་ཁོངས་སུ་རྒྱ་ནག་གི་གནམ་གྲུ་དང་དམག་གྲུ་དཔུང་འཛུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་གོ་མིན་ཏང་གི་སྲིད་དོན་པ་ཚོར་རྒྱབ་སྐྱོར་དང་དེ་དག་ལ་སྡིངས་ཆ་བསྐྲུན། འདས་པའི་ལོ་བཅུ་ཕྲག་མང་པོར་མཚོ་འགག་ཕྱོགས་གཉིས་ཀྱིས་ངོས་འཛིན་བྱས་པའི་མཚོ་ཐིག་དེ་རྒྱ་ནག་གིས་བརྩི་མེད་བཏང་།།
རྒྱལ་སྲུང་བློན་ཆེན་གུ་ལི་ཤུང་ནི་༡༩༥༨་ལོར་ཐེ་པེ་གྲོང་ཁྱེར་དུ་སྐྱེས། ཁོང་གིས་ཐེ་ཝན་རྒྱལ་ཡོངས་སློབ་ཆེན་དང་ནེའུ་ཡོཀ་སློབ་ཆེན་གཉིས་སུ་སློབ་སྦྱོང་བྱས་ཏེ་ཧྥོར་མོ་སི་ཁྲིམས་དོན་ལས་ཁུངས་སུ་ཞུགས། ༢༠༡༤་ལོར་ཉི་མའི་མེ་ཏོག་གི་ལས་འགུལ་ལ་ཞུགས་པའི་སློབ་ཕྲུག་ཚོར་དག་འབུད་བྱས་ནས་སྲི་ཞུ་བསྒྲུབས། སྲིད་འཛིན་ཟུར་པ་ཚེ་དབྱིན་ཝེན་གྱི་དུས་སུ་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་འགན་འཛིན་གྱི་ལས་ཁུར་བཞེས། ཨ་རིའི་སྐམ་མཚོའི་དམག་མི་ཟུར་པ་དང་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཟུར་པ་ཨི་ཝན་ཀ་ན་པ་ཐིས་(Ivan Kanapathy)་བཤད་པ་ལྟར་ན། ལོ་རབས་༩༠་པའི་ནང་དུ་ཐེ་ཝན་དམངས་གཙོར་གྱུར་པའི་རྗེས་སུ་བྱུང་བའི་རྒྱལ་སྲུང་བློན་ཆེན་ཚོའི་གྲས་ནས་གུ་ལི་ཤུང་རྒྱལ་སྲུང་བློན་ཆེན་གནད་འགག་ཅན་དང་ཤུགས་རྐྱེན་ཆེ་བ་དེར་འགྱུར་ས་རེད། ཁོ་པས་རྒྱ་ནག་དང་ཐེ་ཝན། ཨ་རི་བཅས་ཀྱི་ཆབ་སྲིད་འབྲེལ་བར་རྒྱུས་མངའ་ཟབ་མོ་ལོན་ཡོད་པ་དང་ཐེ་ཝན་གྱི་རྒྱལ་སྲུང་ནུས་པའི་ཞན་ཆ་རྣམས་ངོས་ཟིན་ཡོད་པ་རེད་ཅེས་བཀྲལ།།
ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཝང་ཏིང་ཡུས་(Wang Ting-yu)་བཤད་པ་ལྟར་ན། གུ་ལི་ཤུང་གིས་རྒྱལ་སྲུང་བདེ་འཇགས་ལྷན་ཁང་གི་འགན་འཛིན་གྱི་ལས་ཁུར་བཞེས་པའི་རིང་དེར་སྲིད་འཛིན་ཚེ་དབྱིན་ཝེན་གྱིས་ཡིད་ཆེས་བློ་འགེལ་བྱེད་ཆོག་པ་དང་ཐེ་ཝན་གྱི་དམག་ལ་འབྲེལ་བ་བཟང་པོ། ཨ་མི་རི་ཀ་ནས་མཚོན་ཆ་ཉོ་སྒྲུབ་ཐད་འཇོན་པོ། གུ་ལི་ཤུང་མི་བརྟན་པོ་དང་འགྱུར་བཅོས་ཀྱི་ལྟ་བ་འཛིན་པ། གསར་གཏོད་ཀྱི་རྣམ་དཔྱོད་ལྡན་པའི་རྒྱལ་སྲུང་བློན་ཆེན་ཞིག་རེད་ཅེས་བསྔགས་བརྗོད་ཞུས། གུ་ལི་ཤུང་གིས་རྒྱལ་སྲུང་བློན་ཆེན་གྱི་ལས་ཁུར་བཞེས་མ་ཐག་ཏུ་ཨ་རིའི་རྒྱལ་སྲུང་ལྷན་ཁང་ལ་མིག་དཔེ་བལྟས་ནས་ཁ་ལོ་བ་མེད་པའི་འཕུར་གྲུའི་འཕྲུལ་རིག་ལག་རྩལ་ཡར་རྒྱས་གཏོང་རྒྱུ་གཙིགས་སུ་བཟུང་། ཐེ་ཝན་གྱི་དམག་དཔུང་ལ་དོན་དངོས་དང་མཐུན་པའི་དམག་སྦྱོང་སྤྲོད་རྒྱུའི་ལམ་སྲོལ་གསར་གཏོད་བྱུང་།།
སྲིད་འཛིན་ཚེ་དབྱིན་ཝེན་གྱི་དུས་སུ་ཐེ་ཝན་གྱི་དམག་ལ་འགྱུར་བཅོས་ཆེན་པོ་ཞིག་ཐེབས། ཁོང་གིས་ལོ་བདུན་བསྟུད་མར་ཐེ་ཝན་གྱི་རྒྱལ་སྲུང་འགྲོ་གྲོན་སྤར། སྐྱེས་པ་ཚང་མ་ལོ་རེར་དམག་ཁོངས་སུ་ཞུགས་དགོས་པའི་དམག་ཁྲལ་སླར་གསོ། ཐེ་ཝན་གྱིས་བཟོས་པའི་མཚོ་འོག་དམག་གྲུ་དང་པོ་དེ་ཕྱི་རུ་བཀྲམ། ཉམས་ཞིབ་པ་ཁག་ཅིག་གིས་མཚོ་གླིང་དེའི་དམག་གིས་འཐབ་འཛིང་གནམ་གྲུ་དང་ལྕགས་ཁྲབ་འཁོར་ལོ། དམག་གྲུ་ཉོ་རྒྱུའི་ཚབ་ཏུ་ཁ་ལོ་བ་མེད་པའི་འཕུར་གྲུ་དང་ཁ་ལོ་བ་མེད་པའི་མཚོ་གྲུ་ཆུང་ཆུང་ཉོ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱ་ནག་གི་བཙན་འཛུལ་འགོག་ཐབས་བྱས་ན་ལེགས། ད་སྔ་ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་གིས་དགོས་ངེས་ཀྱི་འགྱུར་བཅོས་ཤིག་བཏང་མི་འདུག ཐེ་ཝན་གྱིས་དམག་གྲུ་ཆུང་ཆུང་དང་འཕུར་མདེལ། མཚོ་འོག་འབར་མདེལ་སོགས་གྲ་སྒྲིག་བྱ་དགོས་ཀྱང་བྱས་མི་འདུག་ཅེས་སྐྱོན་བཙུགས།།
ཕྱི་ཟླ་༨་པའི་ཚེས་༤་ཉིན་སི་ཨེན་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་ཟུར་པ་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གྱིས་གསར་འགོད་པའི་བཅར་འདྲི་ཞིག་གི་སྐབས་སུ་ང་ཚོས་ཐེ་ཝན་ལ་སྲུང་སྐྱོབ་བྱ་དགོས་ན་གླ་ཡོན་ལེན་དགོས་ཟེར། དེར་བརྟེན་ཐེ་ཝན་གཞུང་གིས་དམག་དོན་འགྲོ་གྲོན་མང་དུ་གཏང་རྒྱུ་དང་རྒྱལ་སྲུང་གི་ནུས་པ་ཆེ་རུ་གཏོང་རྒྱུའི་ཐབས་སུ་འབད། ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་གསར་པ་ལིན་ཅ་ལུང་(Lin Chia-lung)་གིས་ང་ཚོས་རང་གི་སྟོབས་ཤུགས་ལ་བརྟེན་ནས་མཚོ་གླིང་འདིར་སྲུང་སྐྱོབ་བྱ་དགོས། ཐེ་ཝན་གྱི་དམག་དཔུང་དེང་རབས་ཅན་དུ་བསྒྱུར་ཏེ་དམག་དོན་འགྲོ་གྲོན་མང་དུ་གཏང་རྒྱུ་ཡིན་ཞེས་བསྒྲགས། ཉམས་ཞིབ་པ་མང་ཆེ་བས་ཌོ་ནལ་ཊམ་བསྐྱར་དུ་སྲིད་འཛིན་ལ་འདེམས་ཐོན་བྱུང་ན་ཐེ་ཝན་ལ་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ངེས་གཏན་མི་འདུག་ཅེས་གླེང་།།
ཕྱི་ཟླ་༨་པའི་ཚེས་༣་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཐེ་ཝན་གྱི་བརྙན་འཕྲིན་ལས་ཁང་ཞིག་གིས་རྒྱ་ནག་གི་བཙན་འཛུལ་བྱུང་བའི་རྟོག་བཟོའི་གློག་བརྙན་ཞིག་བཟོས་ཏེ་ལོ་རྗེས་མར་སྟོན་རྒྱུ་ཡིན་མོད། འོན་ཀྱང་གློག་བརྙན་དེའི་གཟིགས་ཕུད་སྐར་མ་༡༧་ཅན་ཞིག་སྔོན་ལ་བསྟན་པ་དེའི་ནང་དུ་རྒྱ་ནག་གིས་ཐེ་ཝན་མཐའ་བསྐོར། མི་འབོར་ས་ཡ་༢༣་ཡོད་པའི་མཚོ་གླིང་དེ་དཀའ་ངལ་ནང་དུ་ཚུད། ཐེ་ཝན་གྱི་སྲང་ལམ་ཁག་མི་མེད་ལུང་སྟོང་དུ་གྱུར། ཕྱོགས་ཀུན་ཏུ་འཇིགས་སྣང་དང་ཡི་མུག་གི་རྣམ་པ་ཞིག་ཤར། མི་ཁག་ཅིག་གིས་རྒྱ་ནག་ལ་འཐབ་རྒོལ་བྱས་ན་ཁ་གཏད་ཁྱོག་གི་མ་རེད། ཐེ་ཝན་པ་ཚོས་འཐབ་རྒོལ་བྱས་ན་ཕན་ཐོགས་མེད། ང་ཚོ་དམག་འཁྲུག་ལ་ཞུགས་དགོས་ཟེར་མཁན་ཚོས་ཐེ་ཝན་མི་དམངས་ཀྱི་བདེ་སྡུག་ལ་སེམས་ཁུར་ལེན་གྱི་མ་རེད་ཅེས་བཤོལ་བཏབ། གློག་བརྙན་དེ་བཅོས་སྒྲུང་ཡིན་རུང་མཚོ་གླིང་དེའི་དངོས་ཡོད་གནས་སྟངས་མཚོན་པའི་གསར་འགྱུར་ཐོན་འདུག