༄༅།། བལ་ཡུལ་གཞུང་གིས་ཉུང་མཐར་ཡང་རང་གི་སྤྱི་དམངས་༤༠་ཐམ་པ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག་ཅེས་ངེས་གཏན་བྱུང་། ཕྱི་ཟླ་༩་པའི་ཚེས་༣་ཉིན་ཀ་ཐ་མན་རྡུ་ཡིག་ཟམ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། བལ་ཡུལ་གྱི་གཞུང་འབྲེལ་མི་སྣ་ཚོས་ར་ཤི་ཡའི་དམག་ཁོངས་སུ་བལ་པོ་ཧ་ཅང་མང་པོ་ཡོད་སྲིད་པའི་བློ་འཚབ་བྱེད་ཀྱི་ཡོད་ཅིང་། མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་ཁང་གིས་ཕུང་པོ་༥༠་ལྷག་གི་རྒྱུད་རྫས་(DNA)་ལ་བརྟག་དཔྱད་བྱས་ནས་འདས་པོ་དེ་རྣམས་བལ་པོ་ཡིན་མིན་ངོ་རྟགས་གཅོད་ཀྱི་ཡོད་ཅེས་བསྒྲགས། བལ་ཡུལ་གྱི་ཕྱི་སྲིད་ལྷན་ཁང་གིས་བི་མལ་ལིམ་བྷུ་དང་བིཀ་རམ་ཅོ་དྷ་རི། ཌོམ་བྷ་དྷུར་ཨེལ། སུ་བྷ་ཤ་ཐ་པ་རྣམས་བསྡོམས་པའི་བལ་པོ་༤༠་ཐམ་པ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པ་ངེས་གཏན་བྱེད་ཐུབ་ཀྱི་འདུག་ཅེས་གསལ་བསྒྲགས་སྤེལ།།
ར་ཤི་ཡའི་དམག་ཁོངས་སུ་བལ་པོ་ཅི་ཙམ་ཡོད་མེད་གྲངས་ཀ་གསལ་པོ་ཞིག་ཤེས་ཀྱི་མེད་ཀྱང་ཉམས་ཞིབ་པ་དང་གསར་འགོད་པ། ར་ཤི་ཡའི་དམག་དཔོན་ཚོས་བལ་པོ་༡༥༠༠༠་ཡས་མས་ཤིག་ཡོད་པའི་ཚོད་དཔག་བྱས་འདུག ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་སྐྱོན་བྱུང་བའི་བལ་པོ་ཚོར་ར་ཤི་ཡའི་གཞུང་གིས་དངུལ་སྒོར་ཅི་ཙམ་གྱོང་གསབ་སྤྲོད་ཀྱི་ཡོད་མེད་ཕྱིར་བསྒྲགས་མ་བྱུང་མོད། འོན་ཀྱང་ཉམས་ཞིབ་པ་ཚོས་དམག་སར་ཚེ་སྲོག་ཤོར་བའི་བལ་པོ་རྣམས་ཀྱི་བཟའ་མི་ཚོར་གྱོང་གསབ་བལ་སྒོར་ས་ཡ་༢༠་རེ་དང་རྨས་སྐྱོན་ཕོག་པ་ཚོར་གྱོང་གསབ་བལ་སྒོར་ས་ཡ་༤་དང་ཕྱེད་ཀ རྨས་མ་དེར་མདེའུ་ཅི་ཙམ་མང་བ་ཕོག་ཡོད་ན་དེ་ཙམ་གྱིས་གྱོང་གསབ་དངུལ་སྒོར་མང་བ་སྤྲོད་ཀྱི་འདུག་ཟེར། བལ་ཡུལ་དུ་ལས་ཀའི་གོ་སྐབས་མེད་པ་དང་འཚོ་བའི་དཀའ་ངལ་ཆེ་བ། ཕ་མ་དང་བཟའ་ཟླ་བུ་ཕྲུག་གསོ་སྐྱོང་མ་ཐུབ་པར་བལ་པོ་ཇི་སྙེད་ཅིག་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ཏེ་ཡུཀ་རེན་གྱི་དམག་ས་ཁག་ཏུ་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ར་ཤི་ཡའི་རྒྱལ་ས་མོ་སི་ཀོར་བཅའ་སྡོད་བལ་ཡུལ་གྱི་གཞུང་ཚབ་པ་མཱི་ལན་ཏུ་ལ་དྷར་(Milan Tuladhar)་གྱིས་བཤད་པ་ལྟར་ན། ༢༠༢༣་ལོའི་ཕྱི་ཟླ་༥་པ་ནས་ར་ཤི་ཡས་ཕྱི་རྒྱལ་ནས་གླས་དམག་བསྡུ་རྒྱུ་འགོ་ཚུགས། བལ་པོ་མང་པོ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ཏེ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་ཚབས་ཆེན་བྱུང་། ད་ལོའི་ཕྱི་ཟླ་༥་པ་ནས་ར་ཤི་ཡས་བལ་པོའི་གླས་དམག་བསྡུ་རྒྱུ་མཚམས་བཞག་སྟེ་དམག་ཁོངས་སུ་བསྡུས་ཟིན་པ་རྣམས་རང་ཡུལ་དུ་ཕྱིར་སློག་བྱེད་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ཡུཀ་རེན་གྱི་དམག་འཁྲུག་གི་འགོ་སྟོད་དུ་བསད་པའི་བལ་པོ་༦་ལ་གྱོང་གསབ་དངུལ་སྒོར་ལེན་རྒྱུའི་རྒྱུད་རིམ་ཐ་མ་དེར་བསླེབས་ཡོད། ང་ནི་བལ་པོའི་གཞུང་ཚབ་ཀྱི་ལས་གནས་ནས་འཕོ་འགྱུར་འགྲོ་གྲབས་ཡོད་པ་དང་ངའི་གཞུག་ཏུ་གྱོང་གསེབ་དངུལ་སྒོར་སྤྲོད་ལེན་རྒྱུན་འཁྱོངས་བྱེད་ཐུབ་མིན་བཤད་དཀའ་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག
བལ་པོའི་གཞུང་ཚབ་པས་ང་ཚོར་ཉིན་ལྟར་ར་ཤི་ཡའི་དམག་ཁོངས་སུ་ཞུགས་པའི་བལ་པོ་ཚོ་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུ་ཡིན་ཞེས་གར་སོང་ཆ་མེད་དུ་ཕྱིན་པའི་གནས་ཚུལ་གསར་པ་འབྱོར་གྱི་འདུག བལ་པོ་ཉུང་ཤས་ཤིག་ར་ཤི་ཡའི་སྤྱི་དམངས་ཁོངས་སུ་ཞུགས་ཏེ་རྒྱལ་ཁབ་དེའི་ཕྱིར་སྐྱོད་ལག་འཁྱེར་བླངས་འདུག ཁོ་ཚོ་བལ་ཡུལ་དུ་ཕྱིར་ལོག་བྱེད་ཐུབ་རྒྱུ་ཁག་པོ་རེད། ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་རྒྱལ་ཁབ་དེའི་ཕྱིར་སྐྱོད་ལག་འཁྱེར་བླངས་པའི་བལ་པོ་ཚོར་རྨས་སྐྱོན་ཕོག་སྟེ་འཐབ་འཁྲུག་ལ་ཞུགས་མ་ཐུབ། ཁོ་ཚོ་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཐར་ཐབས་བྱེད་ཀྱི་འདུག ང་ཚོ་བལ་པོ་འགའ་ཞིག་ལ་ཐུག་ནས་རང་ཡུལ་དུ་ཕྱིར་ལོག་བྱ་དགོས་ཞེས་ཁ་ཏ་བྱས་པ་ཡིན། ཁོ་ཚོ་མང་ཆེ་བས་ཉན་གྱི་མེད་པ་དང་རྒྱལ་ཁབ་གཞན་གྱི་མི་ཁོངས་སུ་ཞུགས་ཚར་བ་ཚོར་བལ་ཡུལ་གཞུང་གིས་བདག་པོ་རྒྱག་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན།།
ཁ་སྔོན་ཕྱི་ཟླ་༦་པའི་ཚེས་༢༥་ཉིན་ཡུཀ་རེན་གྱི་ཀིབ་རང་བཙན་དྲྭ་ལམ་ཉིན་རེའི་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ར་ཡེ་བི་ཀ་ཤ་ཟེར་བའི་བལ་པོ་བཟུང་དམག་ཅིག་གིས་ཡུཀ་རེན་གྱི་འདྲི་གཅོད་པ་ཚོར་ངས་ཚོད་དཔག་བྱས་ན་ར་ཤི་ཡའི་དམག་ཁོངས་སུ་བལ་པོ་༣༠༠༠་ལྷག་ཡོད་ཤས་ཆེ། ང་གཅིག་པུས་བལ་པོ་༢༠༠་ཡས་མས་ཤིག་མཐོང་བྱུང་། ང་ལ་ཨ་སྒོར་ཁྲི་ཚོ་༢་ལྷག་གི་བུ་ལོན་ཡོད་པ་དང་བལ་ཡུལ་དུ་ལས་ཀ་ཞིག་རག་ཀྱང་ཟླ་བ་རེར་མང་ན་ཨ་སྒོར་༢༠༠་ལས་མི་འདུག ང་ནི་འཚོ་བའི་དཀའ་ངལ་དོན་དུ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་པ་ཡིན། བལ་པོ་ཚོ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ཀྱི་ཡོད་པ་དངུལ་སྒོར་ཁོ་ནའི་ཆེད་དུ་རེད། ཐོག་མར་ང་ཚོས་གན་རྒྱ་བཞག་པའི་སྐབས་དེར་དམག་སར་བསྐྱོད་མི་དགོས། ཉི་མ་༡༠༥་ལ་སྦྱོང་བརྡར་བྱ་དགོས་ཞེས་འཁོད་ཀྱང་དོན་དངོས་སུ་སྦྱོང་བརྡར་མི་སྤྲོད་པར་དམག་སར་གཏོང་གི་འདུག་ཅེས་བཤད།།
ཉེ་ཆར་ཕྱི་ཟླ་༦་པའི་ཚེས་༡༥་ཉིན་བལ་ཡུལ་གྱི་ཀན་ཏི་པུར་ཉིན་རེའི་ཚགས་པར་ནང་དུ་བལ་པོ་ཚོ་རྒྱལ་ཁབ་གཞན་ཞིག་གི་དམག་འཁྲུག་ལ་ཞུགས་ནས་འཆི་བཞིན་འདུག བལ་པོ་༢༥་ར་ཤི་ཡའི་དམག་ཁོངས་སུ་ཞུགས་ནས་ཚེ་སྲོག་ཤོར་བ་ངེས་གཏན་བྱུང་ཡང་བཟའ་མི་ཚོས་མི་༣༩་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་འདུག་ཅེས་གྲངས་ཀ་མ་འདྲ་བ་ཞིག་བགྲང་གི་འདུག ང་ཚོས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་མི་༢༢་ཀྱི་བཟའ་མི་ཚོ་རྩད་གཅོད་བྱས་ནས་སྐད་ཆ་དྲིས་པ་ཡིན། ཁོ་ཚོ་ཚང་མའི་དཀའ་ངལ་དེ་གཅིག་པ་རེད། བལ་ཡུལ་དུ་ལས་ཀ་རག་གི་མེད་པ་དང་འཚོ་བའི་དཀའ་ངལ་ཕྲད། བུ་ལོན་འཇལ་མ་ཐུབ་པ་སོགས་ཀྱིས་ཁྱིམ་ཚང་ཁག་གི་བུ་དང་ཁྱོ་ག་རྣམས་ཕྱི་ལ་ལས་ཀ་འཚོལ་དུ་བསྐྱོད། བལ་པོའི་ཁྱོ་ག་དང་ཕོ་གསར་མང་ཆེ་བ་ར་ཤི་ཡའི་དམག་ཆས་གྱོན་ཏེ་མཚོན་ཆ་ཐོགས་པའི་ཊིཀ་ཊོཀ་དྲྭ་ལམ་གྱི་བརྙན་འཕྲིན་རྫིག་པོ་དེ་ཚོར་ཧེབ་ལངས། ཁོ་ཚོར་བར་པ་ཚོས་གླ་ཕོགས་ཆེན་པོ་རག་གི་རེད་ཅེས་མགོ་སྐོར་བཏང་ནས་ར་ཤི་ཡའི་དམག་ཁོངས་སུ་ཁྲིད་པ་ཤ་སྟག་རེད་ཅེས་གསར་འགྱུར་སྤེལ།།
ར་ཤི་ཡའི་དམག་ཁོངས་སུ་ཞུགས་པའི་བལ་པོ་ཁག་ཅིག་དམག་མི་ཟུར་པ་དང་ཉེན་རྟོག་པ་ཟུར་པ་ཡིན་རུང་མི་ཁག་ཅིག་སློབ་ཕྲུག་ཡིན་ཞིང་། བལ་པོ་ཚོས་ར་ཤི་ཡའི་དམག་ཁོངས་སུ་བསྡུ་མཁན་བར་པ་ཚོར་བལ་སྒོར་འབུམ་༦་ནས་བལ་སྒོར་ས་ཡ་༡་དང་ཕྱེད་ཀ་ཡས་མས་རེ་སྤྲད། བལ་པོ་དེ་ཚོར་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་དཀྱིལ་ཤར་ས་ཁུལ། ཡུ་རོབ་རྒྱལ་ཁབ་ཁག་ཏུ་ལས་ཀ་ཡོད་ཅེས་མགོ་སྐོར་བཏང་ནས་མོ་སི་ཀོར་ཁྲིད། མོ་སི་ཀོར་བསླེབས་པའི་རྗེས་སུ་བསྐྱོད་ཡུལ་རྒྱལ་ཁབ་དེར་གནས་སྐབས་རིང་ལས་ཀ་མི་འདུག མོ་སི་ཀོར་བདུན་ཕྲག་རེ་ཟུང་གི་ལས་ཀ་འདུག་ཅེས་གན་རྒྱ་འཇོག་ཏུ་བཅུག་སྟེ་ར་ཤི་ཡའི་དམག་ཁོངས་སུ་བཅུག ཁོ་ཚོར་ཉིན་ཤས་རིང་དམག་སྦྱོང་སྤྲད་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཀྲམ། ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་བལ་པོ་ཚོའི་ཤུལ་ལུས་ཕ་མ་དང་བཟའ་ཟླ་བུ་ཕྲུག་ཚོར་ལྟ་སྐྱོང་བྱེད་མཁན་མེད་པར་དཀའ་སྡུག་ཆེན་པོ་མྱོང་གི་ཡོད་པའི་གནས་ཚུལ་ཐོན་འདུག
ར་ཤི་ཡས་བལ་པོའི་གླས་དམག་བསྡུ་ཡི་ཡོད་པ་གཅིག་པུ་མིན་པ་སྟེ། རྒྱ་གར་དང་ཀུ་པ། སོ་མ་ལི་ཡ་དང་ཁ་ཛཀ་སི་ཐན། ཀིར་ཀི་སི་ཐན་སོགས་ནས་གླས་དམག་བསྡུས། ཟླ་ཤས་གོང་དུ་ར་ཤི་ཡ་རྒྱལ་ཡོངས་སུ་སློབ་སྦྱོང་བྱེད་བཞིན་པའི་ཨ་ཧྥ་རི་ཀའི་རྒྱལ་ཁབ་ཁག་གི་སློབ་ཕྲུག་རྣམས་དམག་ཁོངས་སུ་ཞུགས་དགོས། ཁོ་ཚོ་དམག་ཁོངས་སུ་མ་ཞུགས་ན་ཐོངས་མཆན་ཕར་འགྱངས་བྱ་མིན་ཞེས་ཐག་བཅད། ཨ་ཧྥི་རི་ཀའི་སློབ་ཕྲུག་འབྱོར་ལྡན་པ་ཚོས་དངུལ་སྒོར་ལྐོག་མ་བརྫངས་ནས་དམག་ཁོངས་སུ་ཞུགས་མ་དགོས་ཀྱང་སློབ་ཕྲུག་དབུལ་ཕོངས་ཚོ་ར་ཤི་ཡའི་དམག་ཁོངས་སུ་ཞུགས་པའམ། ཡང་ན་སློབ་སྦྱོང་མཚམས་བཞག་ནས་རང་ཡུལ་དུ་ཕྱིར་ལོག་བྱ་རྒྱུའི་གདམ་ཀ་ལས་མ་རྙེད། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བཟུང་། ད་ལྟའི་བར་དུ་ར་ཤི་ཡའི་དམག་མི་འབུམ་༦་དང་ཁྲི་ཚོ་༢་ལྷག་བསད་རྨས་བྱུང་། སྲིད་འཛིན་ཕུ་ཊིན་གྱིས་དམག་སྐུལ་ཐེངས་གཅིག་བྱས་ཀྱང་མ་འདང་། ར་ཤི་ཡའི་རྒྱལ་ནང་དུ་དམག་འཁྲུག་ལ་ངོ་རྒོལ་མི་འབྱུང་བའི་ཆེད་དུ་ཕུ་ཊིན་གྱིས་དམག་སྐུལ་ཐེངས་གཉིས་པ་བྱེད་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག