ཧི་ཛི་བྷུ་ལ་དང་ཨི་རན་གྱིས་ཨི་སི་རལ་ལ་དགྲ་ལན་སློག་རྒྱུའི་སྡིགས་ར་བསྐུལ།

ཧི་ཛི་བྷུ་ལ་དང་ཨི་རན་གྱིས་ཨི་སི་རལ་ལ་དགྲ་ལན་སློག་རྒྱུའི་སྡིགས་ར་བསྐུལ།

༄༅།། ཧི་ཛི་བྷུ་ལ་འཇབ་དམག་ཤོག་ཁག་གི་དྲག་སྤྱོད་ཚོས་ཨི་སི་རལ་གྱི་བྱང་ཕྱོགས་སུ་ཁ་ལོ་བ་མེད་པའི་འཕུར་གྲུ་ཞིག་བཏང་སྟེ་རྒོལ་རྡུང་བྱས་ནས་ཨི་སི་རལ་གྱི་དམག་མི་གཉིས་རྨས། ཨི་རན་ནས་ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་བསད་པར་དགྲ་ཤ་ལེན་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས། ཕྱི་ཟླ་༨་པའི་ཚེས་༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཨི་སི་རལ་ལ་སྲུང་སྐྱོབ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་སྲིད་བློན་ནེ་ཐན་ཡ་ཧུས་ཨི་སི་རལ་གྱིས་ཕྱོགས་མང་པོ་ཞིག་ལ་ཁ་གཏད་གཅོག་གི་ཡོད་ཟེར། ད་ལྟ་གྷ་ཛའི་དམག་འཁྲུག་དེ་ཉིད་དཀྱིལ་ཤར་ས་ཁུལ་གྱི་འཐབ་འཁྲུག་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། གཟའ་འཁོར་སྔོན་མར་ཨི་སི་རལ་གྱིས་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལ་འཇབ་དམག་གི་མཐོ་རིམ་བཀོད་འདོམས་པ་ཞིག་དང་ཨི་རན་གྱི་རྒྱལ་ས་ཐེ་རན་དུ་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེ་བསད།།

གཟའ་ཟླ་བའི་ཉིན་ཨི་རན་གྱིས་རྒྱབ་སྐྱོར་བྱེད་བཞིན་པའི་ཧི་ཛི་བྷུ་ལ་ཤོག་ཁག་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཁོ་ཚོས་ཁ་ལོ་བ་མེད་པའི་འཕུར་གྲུ་ཞིག་བཏང་ནས་ཨི་སི་རལ་གྱི་བྱང་ཕྱོགས་སུ་གཏོར་རྒོལ་བྱས་པ་ཡིན། དེ་ནི་ཨི་སི་རལ་གྱི་གནམ་དམག་གིས་འཕུར་མདེལ་འཕངས་ནས་ལེ་བྷ་ནན་ལྷོ་ཕྱོགས་ཀྱི་གྲོང་གསེབ་འགའ་ཞིག་ཏུ་མི་བསད་པ་དང་གཏོར་རྒོལ་བྱས་པར་དགྲ་ལན་སློག་པའི་ཆེད་དུ་ཡིན་ཞེས་བཀྲལ། ཉམས་ཞིབ་པ་ཚོས་གཟའ་ཟླ་བའི་གཏོར་རྒོལ་དེ་བདུན་ཕྲག་སྔོན་མར་ཨི་སི་རལ་གྱིས་ལེ་བྷ་ནན་གྱི་རྒྱལ་སར་རྒོལ་རྡུང་བྱས་ནས་ཧི་ཛི་བྷུ་ལ་འཇབ་དམག་གི་བཀོད་འདོམས་པ་ཧྥའུ་ད་ཤུ་ཀུར་བསད་པར་རྒོལ་ལན་ཆེན་པོ་ཞིག་སློག་འཆར་ཡོད་པ་དེ་ཡིན་མི་སྲིད། ཧི་ཛི་བྷུ་ལ་འཇབ་དམག་དང་ཨི་རན། ཡེ་མན་གྱི་ཧུ་ཐི་གྱེན་ལོག་པ་སོགས་ཀྱིས་མཉམ་དུ་ཨི་སི་རལ་ལ་དགྲ་ལན་སློག་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་ཚོད་དཔག་བྱས་འདུག

ཨི་སི་རལ་གྱིས་ལེ་བྷ་ནན་གྱི་རྒྱལ་སར་རྒོལ་རྡུང་བྱས་ནས་ཧི་ཛི་བྷུ་ལ་འཇབ་དམག་གི་བཀོད་འདོམས་པ་ཧྥའུ་ད་ཤུ་ཀུར་བསད་

གཟའ་འཁོར་སྔོན་མར་ཨི་རན་གཞུང་གིས་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེ་མགྲོན་འབོད་བྱས་པ་ལྟར་ཨི་རན་གྱི་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོར་ཞུགས། ཨི་སི་རལ་གྱི་གསང་ཉུང་ཚོས་ཟླ་བ་གཉིས་ཀྱི་སྔོན་ནས་མགྲོན་ཁང་ནང་དུ་འབེལ་མདེལ་སྦས་ཡོད་པར་རྒྱང་ནས་མཐེབ་ཅུ་མནན་ཏེ་ཨི་ཤི་མེལ་ཧ་ནི་ཡཱེ་མགྲོན་ཁང་ནང་དུ་གཙབས་རལ་དུ་བསྒྱུར། གཟའ་ཟླ་བའི་ཉིན་ཨི་རན་གྱི་གསར་བརྗེའི་སྲུང་དམག་གི་འགོ་ཁྲིད་དམག་སྤྱི་ཧོ་སེན་ས་ལ་མཱིས་ཨི་སི་རལ་གྱིས་ཨི་ཤི་མེལ་ཧ་ནི་ཡཱེ་ལྐོག་གསོད་བྱས་པ་དང་ཧ་མ་སི་ཤོག་ཁག་ལ་རྒོལ་རྡུང་བྱེད་ཀྱི་ཡོད་པ་ནི་རང་གི་དུར་ས་བརྐོས་པ་ལོས་ཡིན། ཨི་སི་རལ་གྱིས་ནོར་འཁྲུལ་བྱས་པའི་མཇུག་འབྲས་དེ་མྱོང་དགོས། ཁོ་ཚོས་དུས་ནམ་ཞིག་དང་གནས་གང་དུ་མཇུག་འབྲས་དེ་ཇི་ལྟར་མྱོང་རྒྱུ་ཡིན་མིན་རིམ་གྱིས་ཤེས་ཐུབ། ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་རན་གྱི་ས་ཐོག་ཏུ་བསད་པར་འགྱོད་པ་སྐྱེ་རུ་འཇུག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

ཨི་རན་གྱི་གསར་བརྗེའི་སྲུང་དམག་གི་འགོ་ཁྲིད་དམག་སྤྱི་ཧོ་སེན་ས་ལ་མཱིས་

ཨི་རན་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ན་སར་ཀ་ནཱ་ནིས་(Nasser Kanaani)་ང་ཚོར་དཀྱིལ་ཤར་ས་ཁུལ་གྱི་འཁྲུག་རྩོད་ཛ་དྲག་ཆེ་རུ་གཏོང་འདོད་མེད། ཨི་རན་ལ་བཙན་བཙུགས་ན་དགྲ་ལན་དྲག་པོ་སློག་ཆོག་པའི་ཐོབ་ཐང་ཡོད། ཨི་རན་གྱིས་ཆོད་སེམས་བརྟན་པོའི་སྒོ་ནས་བཙན་འཛུགས་འགོག་པའི་བྱ་ཐབས་ནན་པོ་ལག་ལེན་བསྟར་རྒྱུ་ཡིན། ང་ཚོས་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་རང་སྲུང་གི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨི་རན་ལ་རྒྱབ་སྐྱོར་བྱས་ནས་ཨི་སི་རལ་ལ་ཉེས་ཆད་གཅོད་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཨི་རན་གཞུང་གིས་ཨ་རིའི་རྒྱབ་སྐྱོར་འོག་ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་བསད་པ་རེད་ཅེས་སྐྱོན་བཙུགས། ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་བསད་པ་ཡིན་མིན་གྱི་འགྲེལ་བཤད་གང་ཡང་མ་བརྒྱབ།།

ལེ་བྷ་ནན་གྱི་གཞུང་གཉེར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱིས་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་ལེ་བྷ་ནན་གྱི་ལྷོ་ཕྱོགས་སུ་ཆགས་པའི་མེ་ས་ཨལ་ཇཱ་བྷལ་གྲོང་གསེབ་ཀྱི་ཉེ་འཁྲིས་སུ་གཏོར་རྒོལ་བྱས་ནས་དམག་གི་སྨན་པ་ཞིག་ཚུད་པའི་མི་གཉིས་བསད་སོང་། སྨན་པ་འདས་པོ་དེ་ཁ་ཆེའི་རི་ས་ལ་འཇབ་དམག་མཐུན་ཚོགས་ཀྱི་ཚོགས་མི་ཞིག་རེད་ཅེས་ངེས་གཏན་བྱས། ཧི་ཛི་བྷུ་ལ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཧ་སན་ན་སི་རེ་ལཱས་(Hassan Nasrallah)་ཨི་སི་རལ་ལ་རྒོལ་ལན་སློག་རྒྱུ་ཡིན་ཞེས་དམའ་བཅའ་བཞག ལེ་བྷ་ནན་གྱི་ལྷོ་ཕྱོགས་སུ་ཁ་ཆེའི་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འབྲང་བ་མང་བར་མ་ཟད། ཧི་ཛི་བྷུ་ལ་འཇབ་དམག་རྣམས་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འཇུག་པ་ཡིན་པས་ཨི་རན་གྱི་ཤུགས་རྐྱེན་འོག་ཚུད། དེ་བཞིན་ཡེ་མན་གྱི་ཧུ་ཐི་གྱེན་ལོག་པ་ཚོ་ཡང་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འཇུག་པ་ཡིན་པས་ཨི་རན་གྱི་རྒྱབ་སྐྱོར་ཐོབ། ཨི་རན་གྱིས་འཛམ་གླིང་ཡུལ་གྲུ་གང་སའི་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འཇུག་པ་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཧི་ཛི་བྷུ་ལ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཧ་སན་ན་སི་རེ་ལཱས་

ཁ་སང་གཟའ་ཉི་མའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་ང་ཚོར་ཅི་ཡང་འབྱུང་སྲིད་པ་ཐམས་ཅད་ལ་གདོང་ལེན་བྱ་རྒྱུའི་གྲ་སྒྲིག་ཡོད། ཨི་རན་གྱིས་གང་ས་གང་དུ་ལག་པ་བརྐྱངས་ནས་ཨི་སི་རལ་གྱིས་ཕྱོགས་མང་པོ་ཞིག་ལ་འཐབ་རྒོལ་བྱ་དགོས་ཐུག་གི་འདུག་ཅེས་བློན་ཆེན་ལྷན་ཁང་གི་ཚོགས་འདུའི་ཐོག་ཏུ་བཤད་ཡོད་ཅིང་། ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གིས་གློ་བུར་དུ་ཨི་སི་རལ་ལ་འཇབ་རྒོལ་བྱས་ནས་མི་༡༢༠༠་ལྷག་བསད་པ་དང་མི་༢༥༠་ཙམ་བཙན་གྱིས་ཁྲིད། ཨི་སི་རལ་གྱིས་རྒོལ་ལན་བསློགས་ནས་པ་ལི་སི་ཐན་བ་ཁྲི་ཚོ་༤་ལྷག་གི་ཚེ་ཤོག་ཤོར། ཨི་རན་གྱིས་ཧ་མ་སི་ཤོག་ཁག་ལ་རྒྱབ་སྐྱོར་བྱས་ནས་ཨི་སི་རལ་དང་པ་ལི་སི་ཐན་གྱི་འཐབ་འཁྲུག་ཆེ་རུ་བཏང་ཞིང་། གཟའ་མཇུག་དེར་འཇོར་ཌན་གྱི་ཕྱི་སྲིད་བློན་ཆེན་ཨ་དབྱི་མན་ས་ཧྥ་ཌི་(Ayman Safadi)་ཨི་རལ་ལ་བསྐྱོད་ནས་ཛ་དྲག་ཞི་འཇམ་གཏོང་ཐབས་སུ་འབད།།

གཟའ་མཇུག་དེར་འཇོར་ཌན་གྱི་ཕྱི་སྲིད་བློན་ཆེན་ཨ་དབྱི་མན་ས་ཧྥ་ཌི་ཨི་རལ་ལ་བསྐྱོད་ནས་ཛ་དྲག་ཞི་འཇམ་གཏོང་ཐབས།

ཕྱི་ཟླ་༨་པའི་ཚེས་༥་ཉིན་བྷུ་ལུམ་བྷག་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀས་འཐབ་འཛིང་གནམ་གྲུ་ཁྱེར་བའི་འབབ་གྲུ་དང་དམག་གྲུ་ཁག་ཅིག་དཀྱིལ་ཤར་ས་ཁུལ་དུ་བཏང་སྟེ་ཨི་སི་རལ་ལ་སྲུང་སྐྱོབ་བྱ་རྒྱུའི་གྲབས་བཤམས། མདང་དགོང་འཛམ་གླིང་གི་བཟོ་ལས་ཡར་ཐོན་རྒྱལ་ཁབ་བདུན་གྱི་ཕྱི་སྲིད་བློན་ཆེན་ཚོ་ཚོགས་འདུ་ཚོགས་ཏེ་དཀྱིལ་ཤར་ས་ཁུལ་གྱི་ཛ་དྲག་ཞི་འཇམ་གཏོང་དགོས་ཞེས་འབོད་སྐུལ་ཞུས་མོད། འོན་ཀྱང་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་གྱིས་མ་འོངས་པའི་ཆུ་ཚོད་༢༤་ནས་༤༨་ཀྱི་ནང་ཚུད་དུ་ཨི་སི་རལ་ལ་རྒོལ་རྡུང་འཕོག་སྲིད་ཅེས་ཉེན་བརྡ་བཏང་འདུག ཨི་རན་དང་ཧི་ཛི་བྷུ་ལ་གཉིས་ཀས་ཨི་སི་རལ་ལ་རྒོལ་ལན་མ་བསློགས་པར་དེ་མུར་འཇོག་ཐབས་མེད། ཨི་སི་རལ་གྱི་དམར་ཐིག་བརྒལ་སོང་བ་དང་གཏོར་རྒོལ་བྱ་ངེས་ཡིན་ཞེས་དཔའ་སྐད་འཐེན།།

ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་གཞོན་པ་ཇཱོན་ཧྥ་ཡེ་ནར་གྱིས་ཨི་སི་རལ་དང་ཧ་མ་སི་ཤོག་ཁག་གིས་གྲོས་མོལ་བྱས་ནས་རྩོད་གཞི་ཐམས་ཅད་ཐག་གཅོད་བྱ་དགོས། གྷ་ཛའི་འཐབ་འཁྲུག་མཚམས་འཇོག་གི་གྲོས་མཐུན་ལ་མོས་མཐུན་བྱ་དགོས་ཞེས་བསྐུལ་ལྕག་བཏང་འདུག ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་ཧ་མ་སི་ཤོག་ཁག་གི་དགོས་འདུན་ཁག་ལ་འགྱུར་བ་བཏང་ནས་ཆ་འཛིན་བྱ་ས་མི་རྙེད་ཅེས་འཁང་ར་བཤད། ཉམས་ཞིབ་པ་ཁག་ཅིག་གིས་ཨི་སི་རལ་ཁ་དན་ཚིག་ལ་མ་གནས་པར་འཐབ་འཁྲུག་མཚམས་འཇོག་གི་གྲོས་མཐུན་ལག་ལེན་བསྟར་ཐུབ་ཀྱི་མི་འདུག་ཅེས་བསྟན། ཁ་སྔོན་ཕྱི་ཟླ་༤་པའི་ནང་ཨི་སི་རལ་གྱིས་སི་རི་ཡའི་ས་ཐོག་ཏུ་ཨི་རན་གྱི་དམག་སྤྱི་གཉིས་ལྔ་ལམ་དུ་བརྫངས། དེར་བརྟེན་ཨི་རན་གྱིས་འཕུར་མདེལ་༣༠༠་ལྷག་འཕངས་ནས་ཨི་སི་རལ་ལ་རྒོལ་ལན་བསློགས། ཨ་རི་དང་དབྱིན་ཇི་སོགས་མཐུན་གྲོགས་རྒྱལ་ཁབ་ཁག་དང་ཨི་སི་རལ་བཅས་ནས་ཨི་རན་གྱི་འཕུར་མདེལ་དེ་དག་གི་བརྒྱ་ཆ་༩༩་ལྷག་བར་སྣང་དུ་གཏོར་ཡོད་པའི་གནས་ཚུལ་ཐོན་འདུག