ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༢/༢༦

ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་མགྲོན་ཁང་ནང་དུ་འབར་རྫས་སྦས་ནས་བསད།


པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེའི་
པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེའི་

༄༅།། པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེའི་མགྲོན་ཁང་དུ་ཟླ་བ་གཉིས་ཀྱི་སྔོན་ནས་འབར་མདེལ་སྦས། ཁ་སང་རྒྱང་ནས་འབར་མདེལ་གྱི་མཐེབ་ཅུ་མནན་ཏེ་བསད་པ་རེད་ཅེས་གསར་འགྱུར་ཐོན་འདུག ཕྱི་ཟླ་༨་པའི་ཚེས་༡་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་གྱིས་ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་དང་ཨི་རན་གྱི་གཞུང་འབྲེལ་མི་སྣ་གཉིས་ཚུད་པའི་དཀྱིལ་ཤར་ས་ཁུལ་སོགས་ཀྱི་གཞུང་འབྲེལ་མི་སྣ་བདུན་ལ་སྐད་ཆ་དྲིས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེ་མགྲོན་འབོད་བྱས་པ་ལྟར་ཨི་རན་གྱི་སྲིད་འཛིན་གསར་པའི་ཁྲི་སྟོན་མཛད་སྒོར་ཞུགས། གཟའ་ལྷག་པའི་མཚན་གྱི་ཆུ་ཚོད་༢་པ་ཡས་མས་སུ་རྒྱལ་ས་ཐེ་རན་གྱི་ནེ་ཤ་ཏ་ས་ཁུལ་དུ་ཡོད་པའི་མགྲོན་ཁང་ནང་དུ་འབར་མདེལ་བཀད་ནས་ཧ་མི་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཧ་ནི་ཡཱེ་དུམ་བུར་གཙབས་རལ་བཏང་བ་དང་སྐུ་སྲུང་ཞིག་ཀྱང་མཉམ་དུ་བསད་ཡོད་པའི་གནས་ཚུལ་ཐོན།།

མགྲོན་ཁང་དེ་ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གིས་འཛིན་སྐྱོང་དང་སྲུང་སྐྱོབ་བྱེད་ཀྱི་ཡོད་ཀྱང་ཟླ་བ་གཉིས་ཀྱི་སྔོན་ནས་མགྲོན་ཁང་ནང་དུ་འབར་མདེལ་སྦས་ཡོད་པ་རྩད་གཅོད་ཐུབ་མེད་ཅིང་། འབར་མདེལ་བཀད་ཤུགས་ཆེ་བའི་སྟབས་ཀྱིས་ཁང་ཆེན་དེར་གཡོ་འགུལ་ཐེབས་པ་དང་སྒོ་དང་སྒེའུ་ཁུང་རྣམས་བཅག ཕྱི་ལོགས་ཀྱི་རྩིག་གྱང་ཁག་ཅིག་ཀྱང་བཤིགས། ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཧ་ནི་ཡེའི་ལས་ཁུངས་ཁ་ཊར་རྒྱལ་ཁབ་ཏུ་ཡོད་པ་དང་ཨི་རན་གྱི་རྒྱལ་ས་ཐེ་རན་གྲོང་ཁྱེར་གྱི་མགྲོན་ཁང་དེའི་ནང་དུ་ཐེངས་འགའ་ཞིག་བསྡད་མྱོང་ཞིང་། གཟའ་ཕུར་བུའི་ཉིན་རྒྱལ་ས་ཐེ་རན་དུ་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་འདས་པོ་དེར་མྱ་ངན་དང་དུར་འཇུག་མཛད་སྒོ་ཚོགས། ཨི་རན་གྱི་གཞུང་འབྲེལ་མི་སྣ་ཚོས་ཨི་ཤི་མེལ་ཧ་ནི་ཡཱེ་བསད་པ་དེའི་རྒྱབ་ཏུ་ཨི་སི་རལ་ཡོད་ངེས་རེད་ཅེས་ནག་ཉེས་བཙུགས། མིང་འདོན་མ་བྱས་པའི་ཨ་རིའི་གཞུང་འབྲེལ་མི་སྣ་ཞིག་གིས་ཀྱང་ཨི་སི་རལ་ལྐོག་གསོད་དེར་འབྲེལ་བ་འདུག་ཟེར།།

ཨི་རན་གྱི་གཞུང་འབྲེལ་མི་སྣ་གསུམ་གྱིས་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཧ་ནི་ཡཱེ་ལྐོག་གསོད་མ་བྱུང་བའི་ཆུ་ཚོད་འགའ་ཞིག་གི་སྔོན་དེར་ཨི་རན་གྱི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎི་གཉིས་ཐུག་འཕྲད་བྱུང་། ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གིས་མགྲོན་ཁང་དེ་བདེ་འཇགས་ཡིན། གསང་བའི་ཚོགས་འདུ་འཚོགས་ས་ཡིན་ཟེར་གྱི་ཡོད་པ་རེད། ཡིན་ནའང་ཟླ་བ་གཉིས་ཀྱི་སྔོན་ནས་མགྲོན་ཁང་ནང་དུ་འབར་མདེལ་སྦས་ནས་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་བསད་པ་ནི་ཁ་ཆེའི་གསར་བརྗེ་སྲུང་དམག་ཧ་ཅང་གི་ངོ་ཚ་དགོས་པ་ཞིག་ཡིན་པར་མ་ཟད། ཨི་རན་གྱི་གསང་བའི་ལས་ཁུངས་ཁག་གི་འཐུས་ཤོར་ཆེན་པོ་ཞིག་རེད། ཅིའི་ཕྱིར་མགྲོན་ཁང་དུ་འབར་མདེལ་སྦས་ཡོད་པ་མ་ཤེས་པ་རེད། མགྲོན་ཁང་དེའི་ནང་དུ་མི་ཞིག་གསོད་དགོས་ན་ཟླ་བ་མང་པོ་མྱུལ་ཞིབ་དང་གྲ་སྒྲིག་བྱ་དགོས་ངེས་རེད། ང་ཚོས་འབར་མདེལ་ཇི་ལྟར་སྦས་པ་དང་གྲ་སྒྲིག་ཇི་ལྟར་བྱས་པ་ཤེས་ཀྱི་མི་འདུག་ཅེས་བཀྲལ།།

༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ནང་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་མཁན་ཚན་རིག་པ་གཙོ་བོ་མཱོ་སེན་ཧྥ་ཁ་རི་ཛ་དཱེ་ལ་འཇབ་སྒུག་བྱས་ནས་མེ་མདའ་བརྒྱབ་སྟེ་བསད།
༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ནང་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་མཁན་ཚན་རིག་པ་གཙོ་བོ་མཱོ་སེན་ཧྥ་ཁ་རི་ཛ་དཱེ་ལ་འཇབ་སྒུག་བྱས་ནས་མེ་མདའ་བརྒྱབ་སྟེ་བསད།

ཨི་སི་རལ་གྱིས་རང་གི་གསང་ཉུལ་ཚོས་མགྲོན་ཁང་ནང་དུ་འབར་མདེལ་སྦས་ནས་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ཨི་ཤི་མེལ་ཧ་ནི་ཡཱེ་བསད་པ་ཡིན་ཞེས་ངོས་ལེན་ནམ། ཡང་ན་ཨི་སི་རལ་ལྐོག་གསོད་དེར་འབྲེལ་བ་མེད་ཅེས་དག་འབུད་མ་བྱས་པར་ཅི་ཡང་མ་སྨྲ་བའི་བརྟུལ་ཞུགས་བཟུང་། ༢༠༢༠་ལོའི་ཕྱི་ཟླ་༡༡་པའི་ནང་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་མཁན་ཚན་རིག་པ་གཙོ་བོ་མཱོ་སེན་ཧྥ་ཁ་རི་ཛ་དཱེ་(Mohsen Fakhrizadeh)་ལ་འཇབ་སྒུག་བྱས་ནས་མེ་མདའ་བརྒྱབ་སྟེ་བསད། ༢༠༢༢་ལོའི་ཕྱི་ཟླ་༥་པའི་ནང་མི་གཉིས་ཀྱིས་འཕྲུལ་རྟ་བཞོན་ནས་ཨི་རན་གྱི་ཁ་ཆེའི་གསར་བརྗེ་སྲུང་དམག་གི་དམག་དཔོན་ས་ཡེ་ད་ཁ་ཌ་དབྱི་(Sayad Khodayee)་བསད། དེ་བཞིན་ཟླ་བ་དེར་ཨི་རན་གྱི་དམག་དོན་ཚན་རིག་པ་ཨ་ཡུབ་ཨེན་ཏེ་ཛ་རི་(Ayoub Entezari)་དང་ཀམ་རན་ཨ་གྷ་མོ་ལེ་(Kamran Aghamolaei)་གཉིས་གློ་བུར་དུ་ནད་ཀྱིས་མནར་ཏེ་ཉི་མ་འགའ་ཞིག་གི་སྔ་གཞུག་བྱས་ནས་གྲོངས།།

དཀྱིལ་ཤར་ས་ཁུལ་གྱི་གཞུང་འབྲེལ་མི་སྣ་ལྔས་ཨི་སི་རལ་གྱིས་ཡོངས་གྲགས་སུ་ངོས་ལེན་མ་བྱས་ཀྱང་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་བསད་མ་ཐག་ཏུ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྒོལ་རྡུང་དེའི་གོ་རིམ་ཞིབ་ཕྲ་ནང་མོལ་བྱས་འདུག་ཅེས་བསྒྲགས། གཟའ་ལྷག་པའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་ལྐོག་གསོད་བྱ་འཆར་ཡོད་པ་སྔོན་ནས་ཤེས་རྟོགས་བྱུང་མ་སོང་ཞེས་ནང་མོལ་བྱུང་བ་ཤུགས་ཀྱིས་ཁས་བླངས། ཨི་ཤི་མེལ་ཧ་ནེ་ཡཱེ་བསད་པའི་གསར་འགྱུར་ཐོན་པའི་རྗེས་སུ་མི་ཚོས་ཨི་སི་རལ་གྱིས་འཕུར་མདེལ་འཕངས་ནས་བསད་པ་ཡིན་ཤས་ཆེ། ཕལ་ཆེར་ཁ་ལོ་བ་མེད་པའི་འཕུར་གྲུ་བཏང་སྟེ་འཕུར་མདེལ་བརྒྱབ་པ་རེད། ཨི་སི་རལ་དང་ཁ་ཊར་རྒྱལ་ཁབ་ཀྱི་འབྲེལ་བར་འགལ་ཟླ་མི་འབྱུང་བའི་ཆེད་དུ་ཨི་ཤི་མེལ་ཧ་ནི་ཡཱེ་རྒྱལ་ཁབ་གཞན་གྱི་ས་ཐོག་ཏུ་བསད་པ་རེད་ཅེས་ཚོད་དཔག་བྱེད་འགོ་ཚུགས།།

ཕྱི་ཟླ་༨་པའི་ཚེས་༡་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་མིག་དམར་ཉིན་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུ་ཊི་ལ་འཕུར་མདེལ་འཕངས་ནས་ཧི་ཛི་བྷུ་ལ་འཇབ་དམག་ཤོག་ཁག་གི་འགོ་ཁྲིད་ཅིག་དང་གཟའ་ལྷག་པའི་ཉིན་ཨི་རན་གྱི་རྒྱལ་སར་ཧ་མ་སི་ཤོག་ཁག་གི་འགོ་ཁྲིད་ཧ་ནི་ཡཱེ་བསད། ཨི་རན་གྱི་རྒྱལ་ས་ཐེ་ཝན་དང་ལེ་བྷ་ནན་གྱི་རྒྱལ་ས་བྷེ་རུ་ཊི་གཉིས་ཀར་རྒོལ་རྡུང་ཕོག་པ་དེ་ལ་གཞིགས་ཚེ། རྒྱལ་ཁབ་དེ་དག་གི་བདེ་འཇགས་སྲུང་སྐྱོབ་ཡག་པོ་མེད་པ་ར་འཕྲོད། ཨི་རན་དང་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལ་འཇབ་དམག་ཤོག་གིས་རྒོལ་ལན་མ་བསློགས་ན་མང་ཚོགས་བློ་ཁ་མི་ཚིམ། ཁོ་ཚོས་ཨི་སི་རལ་ལ་རྒོལ་ལན་བསློགས་ན་དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ཆེན་པོ་ཞིག་ལང་སྲིད། ཉིན་ཤས་གོང་དུ་ཧི་ཛི་བྷུ་ལ་འཇབ་དམག་གིས་གྷོ་ལན་རི་རྩེར་རྒོལ་རྡུང་བྱས་ནས་ཨི་སི་རལ་གྱི་བྱིས་པ་༡༢་བསད།།

ཨི་རན་གྱིས་ཧ་མ་སི་ཤོག་ཁག་དང་ཧི་ཛི་བྷུ་ལ་འཇབ་དམག་ཤོག་ཁག ད་དུང་ཡེ་མན་གྱི་ཧུ་ཐི་གྱེན་ལོག་ཤོག་ཁག་བཅས་ལ་རྒྱབ་སྐྱོར་བྱས་ནས་ཟིང་འཁྲུག་བསླངས། ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས་མི་༡༢༠༠་ལྷག་བསད་པ་དང་མི་༢༥༠་བཙན་ཁྲིད་བྱས། ཨི་སི་རལ་གྱིས་ཧ་མ་སི་ཤོག་ཁག་ལ་རྒོལ་ལན་བསློགས་ནས་གྷ་ཛ་ཐང་གཤོངས་སུ་དཔུང་ཆེན་དྲངས། ད་ལྟའི་བར་དུ་པ་ལི་སི་ཐན་བ་ཁྲི་ཚོ་༤་མ་ཟིན་ཙམ་ཞིག་བསད་པ་དང་མི་གྲངས་ས་ཡ་མང་པོ་རང་ཁྱིམ་ནས་བསྐྲད། ཨི་ཤི་མེལ་ཧ་ནི་ཡཱེ་མཁྲེགས་འཛིན་པ་ཞིག་མིན་པར་ཨི་སི་རལ་ལ་གྲོས་མོལ་བྱས་ནས་འཐབ་འཁྲུག་མཚམས་འཇོག་བྱ་དགོས། ཧ་མ་སི་ཤོག་ཁག་གིས་བཙན་ཁྲིད་བྱས་པ་རྣམས་གློད་གྲོལ་གཏོང་དགོས་པའི་ལངས་ཕྱོགས་བཟུང་མོད། ད་ལྟ་ཨི་ཤི་མེལ་ཧ་ནི་ཡཱེ་མེད་པར་གྱུར་ཡོད་པས་ཧ་མ་སི་ཤོག་གི་འགོ་ཁྲིད་ཚོ་མཁྲེགས་འཛིན་ཅན་ཤ་སྟག་ཏུ་འགྱུར་རྒྱུའི་གསར་འགྱུར་ཐོན་འདུག

ཨི་རན་གྱི་སྲིད་འཛིན་གསར་པ་མ་སུད་པེ་ཛེ་ཁི་ཡན་
ཨི་རན་གྱི་སྲིད་འཛིན་གསར་པ་མ་སུད་པེ་ཛེ་ཁི་ཡན་

ཨི་རན་གྱི་སྲིད་འཛིན་གསར་པ་མ་སུད་པེ་ཛེ་ཁི་ཡན་(Masoud Pezeshkian)་གྱིས་ལས་ཁུར་དམ་བཅའ་བཞག་པའི་ཉིན་དེར་རྒྱལ་ས་ཐེ་རན་དུ་ཧ་མ་སི་ཤོག་ཁག་གི་ཆབ་སྲིད་འགོ་ཁྲིད་བསད་པ་ནི་བདེ་འཇགས་སྲུང་སྐྱོབ་ཀྱི་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར། ཁོང་གིས་ཨི་ཤི་མེལ་ཧ་ནི་ཡཱེ་ལ་དགྲ་ཤ་ལེན་རྒྱུ་ཡིན་ཞེས་ངར་སྐད་བསྒྲགས་ཀྱང་ཐ་མའི་ཐག་གཅོད་ནི་ཆེས་མཐོའི་འགོ་ཁྲིད་ཨ་ཡ་ཏོ་ལ་ཨ་ལི་ཧོ་མེ་ཎིས་བྱ་དགོས། ཉམས་ཞིབ་པ་ཚོས་ཨི་རན་དང་ཧི་ཛི་བྷུ་ལ་གཉིས་ཀས་ཨི་སི་རལ་ལ་རྒོལ་ལན་མ་བསློགས་ཐབས་མེད་རེད། གལ་སྲིད་རྒོལ་ལན་མ་བསློགས་ན་ཨི་སི་རལ་གྱིས་ས་མཚམས་བརྒལ་ནས་ལྐོག་གསོད་བྱ་རྒྱུ་མང་དུ་གཏོང་རྒྱུ་ལྡོག་ཏུ་མེད། ཨི་སི་རལ་ལ་སྣ་སུན་ཞིག་འཕོག་ཏུ་འཇུག་དགོས་ན་ཧི་ཛི་བྷུ་ལ་འཇབ་དམག་གིས་ཨི་སི་རལ་གྱི་གྲོང་ཁྱེར་ཁག་ཏུ་གཏོར་རྒོལ་བྱ་དགོས་པར་འགྱུར་སྲིད། ཨི་རན་གྱིས་ཨི་སི་རལ་ལ་རྒོལ་ལན་ཇི་ལྟར་སློག་རྒྱུ་ཡིན་མིན་ཚོད་དཔག་དཀའ་བ་ཞིག་རེད་ཅེས་བསྟན་ནོ།།

གླེང་སྟེགས།

XS
SM
MD
LG