ཧ་མས་འགོ་ཁྲིད་ཧ་ནི་ཡེ་ཨི་རན་ནང་བསད།

ཨི་རན་ནང་ཡོད་པའི་སྒྲིག་འཛུགས་དེའི་འགོ་ཁྲིད་ཨིས་མལ་ ཧ་ནི་ཡེའི་བསྡོད་གནས་ལ་ཨིས་རལ་གྱིས་རྒོལ་རྡུང་བཏང་

Your browser doesn’t support HTML5

ཧ་མས་འགོ་ཁྲིད་ཧ་ནི་ཡེ་ཨི་རན་ནང་བསད།

རེས་གཟའ་ལྷག་པའི་ཉིན་པེ་ལིས་ཐན་གྱི་དྲག་སྤྱོད་སྒྲི་འཛུགས་ཧ་མས་ཡིས་གསལ་བསྒྲགས་སྤེལ་བའི་ནང་ཨི་རན་ནང་ཡོད་པའི་སྒྲིག་འཛུགས་དེའི་འགོ་ཁྲིད་ཨིས་མལ་ ཧ་ནི་ཡེའི་བསྡོད་གནས་ལ་ཨིས་རལ་གྱིས་རྒོལ་རྡུང་བཏང་ནས་ཧ་ནི་ཡེ་བསད་འདུག་ཅེས་བཤད་འདུག ཡང་ཨི་རན་གྱི་གསར་བརྗེ་སྲུང་དམག་གིས་བརྗོད་ན་རེས་གཟའ་ལྷག་པའི་ཞོགས་པ་སྔ་པོ་རྒོལ་རྡུང་བཏང་བ་དེའི་སྐབས་ཧ་མས་འགོ་ཁྲིད་ཧ་ནི་ཡེའི་སྐུ་སྲུང་བ་གཅིག་ཀྱང་བསད་འདུག་པ་དང་། དོན་རྐྱེན་དེའི་ཐད་ཨི་རན་གྱིས་ཞིབ་འཇུག་བྱེད་བཞིན་ཡིན་ཞེས་བཤད་འདུག འོན་ཀྱང་ཨིས་རལ་གྱིས་གནད་དོན་དེའི་ཐད་གཏམ་བཤད་གང་ཡང་མ་བྱས་པར་ཁུ་སིམ་པོར་སྡོད་བཞིན་པ་རེད།

ཧ་མས་འགོ་ཁྲིད་ཧ་ནི་ཡེ་བསད་པའི་གནས་ཚུལ་དེ་ནི་ཧ་མས་དང་པ་ལི་སི་ཐན་གྱི་དྲག་འཐབ་རུ་ཁག་ཚོས་ཨིས་རལ་ཐོག་བསམ་ཡུལ་ལས་འདས་པའི་ཚབས་ཆེའི་རྒོལ་རྡུང་བཏང་ནས་མི་གྲངས་༡༢༠༠ཙམ་རྐྱེན་ལམ་དུ་བཏང་བ་དང་་གཞན་༢༥༠་ཙམ་བཙན་ཁྲིད་བྱས་ནས་ཟླ་བ་བཅུ་འགྲོ་ལ་ཉེ་བའི་སྐབས་འདིར་བྱུང་བ་ཞིག་རེད།

སྤྱི་ཟླ་༡༠་པའི་ཚེས་༧་ཉིན་གྱི་ཚབས་ཆེའི་རྒོལ་རྡུང་དེར་ཨིས་རལ་གྱིས་ཡ་ལན་ནན་པོ་སློག་ནས་གྷ་ཛའི་ནང་དྲག་པོའི་ལས་འགུལ་སྤེལ་ཡོད་པ་དེའི་ནང་ད་བར་པ་ལིས་ཐན་གྱི་མི་གྲངས་༣༩༤༠༠ཙམ་ལ་སྲོག་སྐྱོན་བྱུང་ཡོད།

ཨེས་མལ་ཧ་ནི་ཡེ་༢༠༡༧་ལོར་པ་ལིས་ཐན་གྱི་དྲག་འཐབ་རུ་ཁག་ཧ་མས་ཡི་ཆབ་སྲིད་འགོ་ཁྲིད་ལ་གྱུར་ཡོད་པ་དང། ཧ་ནི་ཡེ་༢༠༡༩་ལོར་གྷ་ཛ་ནས་ཁ་བྲལ་རྗེས་ཁ་ཆེའི་རྒྱལ་ཁབ་ཁ་ཊར་ནང་བཙན་བྱོལ་དུ་གནས་བཞིན་པ་རེད།

དེ་ཡང་ཁཱ་ཊར་ཕྱི་སྲིད་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་མི་གསད་པའི་བྱ་སྤྱོད་དང་ཨིས་རལ་གྱིས་གྷ་ཛའི་མི་སེར་ལ་དམིགས་འབེན་བཙུགས་ནས་ཡ་ང་མེད་པའི་བྱ་སྤྱོད་ལག་བསྟར་བྱེད་བཞིན་པ་དེས་ས་ཁུལ་ཡོངས་ཟིང་ཆའི་ནང་ལྷུང་འཇུག་པ་དང་། ཞི་བདེའི་གོ་སྐབས་ལ་གནོད་སྐྱོན་གཏོང་གི་འདུག་ཅེས་བཤད་འདུག

ཡང་ཕི་ལི་ཕིནྶ་ནང་འཚམས་འདྲིར་ཕེབས་བཞིན་པ་ཨ་རིའི་རྒྱལ་སྲུང་དྲུང་ཆེ ལི་འོཌ་ཨོས་ཊིན་ལ་གསར་འགོད་པས་ཨི་རན་གྱི་རྒྱལ་སའི་ནང་བྱུང་བའི་རྒོལ་རྡུང་དེའི་རྒྱབ་ཏུ་ཨིས་རལ་ཡོད་པ་ངེས་གཏན་གསུངས་ཐུབ་ཀྱི་རེད་དམ། དེ་ལྟར་བྱེད་ཀྱི་ཡོད་པའི་སྐོར་ཨིས་རལ་གྱིས་ཨ་རིར་སྔོན་བརྡའི་གནས་ཚུལ་འབྱོར་ཡོད་མེད་དྲིས་པར་དེའི་ཐད་གང་གང་བརྗོད་རྒྱུ་མེད་ཅེས་དང་། མངའ་ཁུལ་གྱི་འཁྲུག་རྩོད་ཡོད་མུས་དེ་ཆེ་རུ་མི་འགྲོ་རྒྱུར་ཨ་རིས་གང་ཐུབ་ཅི་ནུས་ཀྱི་ཐབས་ཤེས་བྱེད་ཀྱི་ཡོད་ཅེས་ལནའདེམས་གནང་འདུག

ཡང་ཨི་རན་གྱི་སྲིད་འཛིན་མ་སུཌ་ ཕེ་ཛི་ཁིན་གྱིས་ཨེག་སི་དྲ་རྒྱུའི་ཐོག་གནས་ཚུལ་ཞིག་བཀོད་ནས་ང་ཚོས་སོ་སོའི་རྒྱལ་ཁབ་ཀྱི་མངའ་དབང་ཆིག་བསྒྲིལ་དང་དེའི་ཆེས་མཐོང་དང་གཟི་བརྗིད་བཅས་སྲུང་སྐྱོབ་བྱ་རྒྱུ་ཡིན་ཅིང་། ཨིས་རལ་གྱི་བློ་ཁོག་མེད་པའི་བྱ་སྤྱོད་ལ་འགྱོད་པ་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་འདུག

ཡང་པེ་ལིས་ཐན་གྱི་སྲིད་འཛིན་མ་ཧ་མུད་ཨ་བྷས་ཡི་གཞུང་འབྲེལ་ལས་ཁུངས་ཀྱིས་གསལ་བསྒྲགས་སྤེལ་བའི་ནང་ཧ་ནི་ཡེ་བསད་པ་དེ་བློག་ཁོག་མེད་པའི་་སྡར་མའི་ངང་ཚུལ་ཞིག་དང་ཛ་དྲག་ཅན་གྱི་གནས་སྟངས་ད་དུང་ཛ་དྲག་ཏུ་འགྲོ་རྒྱུར་ཤུགས་རྐྱེན་བྱེད་ཀྱི་རེད་ཅེས་བརྗོད་ཡོད་འདགུ

ཧ་མས་འགོ་ཁྲིད་ཧ་ནི་ཡེ་བསད་པའི་གནས་ཚུལ་བྱུང་བར་ཏུར་ཀིས་སྐྱོན་བརྗོད་བྱས་ནས་དེ་ལྟ་བུའི་ལྐོག་གསོད་ཀྱི་བྱ་སྤྱོད་དེ་ནི་ངོ་མནོང་དགོས་པའི་བྱ་སྤྱོད་གཅིག་རེད་ཅེས་བཤད་པ་མ་ཟད། ཏུར་ཀིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཀྱང་གསལ་བསྒྲགས་སྤེལ་བའི་ནང་རྒོལ་བརྡུང་དེ་ནི་གྷ་ཛའི་དམག་འཁྲུག་འདི་ས་ཁུལ་ཡོངས་སུ་ཁྱབ་གདལ་གཏོང་རྒྱུའི་དམིགས་ཡུལ་རེད་ཅེས་བཤད་འདུག

ཨ་རི་རླུང་འཕྲིན་ཁང་གི་གསར་ཁང་ནས་བཏུས།
གསར་འགོད་པ། རྒྱལ་མཚན་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།