ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༢༧

ཧ་མས་དྲག་སྤྱོད་པས་གྷ་ཛའི་དམག་འཐབ་མཚམས་འཇོག་གི་གྲོས་མོལ་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་བཤད།


ཨིས་རལ་གྱིས་ཧ་མས་དྲག་སྤྱོད་པའི་དམག་དཔོན་མོ་ཧ་མཏ་དྷེབ་ལ་དམིགས་ཚད་བཟུང་ནས་གཏོར་རྒོལ་
ཨིས་རལ་གྱིས་ཧ་མས་དྲག་སྤྱོད་པའི་དམག་དཔོན་མོ་ཧ་མཏ་དྷེབ་ལ་དམིགས་ཚད་བཟུང་ནས་གཏོར་རྒོལ་

༄༅། །ཨིས་རལ་གྱིས་ཧ་མས་དྲག་སྤྱོད་པའི་དམག་དཔོན་མོ་ཧ་མཏ་དྷེབ་ལ་དམིགས་ཚད་བཟུང་ནས་གཏོར་རྒོལ་བྱས་འདུག་པ་དེར་གནོད་སྐྱོན་གང་ཡང་མ་བྱུང་བར་བདེ་ཐང་ངང་གནས་རྗེས་རེས་གཟའ་ཉི་མའི་ཉིན་གྷ་ཛའི་དམག་འཐབ་མཚམས་འཇོག་ཡོང་ཐབས་ལ་ཨིས་རལ་དང་གྲོས་མོལ་བྱ་འཆར་ཡོད་པ་ནས་ཕྱིར་འཐེན་བྱེད་ཀྱི་ཡིན་ཞེས་བཤད་འདུག

དེ་ཡང་ཧ་མས་དྲག་སྤྱོད་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཕྷབ་པི་གསར་སྤེལ་ལས་ཁང་ལ་བརྗོད་དོན། དམག་དཔོན་དྷེབ་བདེ་ཐང་ངང་ལས་དོན་བྱེད་ཀྱི་ཡོད་ཅེས་བཤད་འདུག ཨིས་རལ་གྱིས་ལྷོ་ཕྱོགས་གྷ་ཛའི་སྐྱབས་བཅོལ་སྡོད་སྒར་ཐོག་འབར་མདེལ་གྱི་གཏོར་རྒོལ་ཤུགས་ཆེ་བྱས་འདུག་ཅིང་། དེའི་དམིགས་ཚད་དམག་དཔོན་དྷེབ་གསོད་རྒྱུ་ཡིན་ནའང་། ཁོང་ལ་གནོད་སྐྱོན་གང་ཡང་མ་བྱུང་པར་བདེ་ཐང་ངང་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ཡང་ཨི་རན་གཞུང་གིས་རྒྱབ་སྐྱོར་བྱས་པའི་ཁ་ཆེ་སྒྲིག་འཛུགས་གཞན་ཞིག་གིས་ཟླ་བ་དགུ་ཙམ་ཞིག་རིང་གྷ་ཛ་ས་གནས་སུ་ཨིས་རལ་ལ་དམག་འཐབ་བྱས་དང་བྱེད་བཞིན་པའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་འགོ་ཁྲིད་ཞིག་གིས་ཨིས་རལ་གྱིས་གྷ་ཛ་ནང་མི་གསོད་ཁྲག་སྦྱོར་གྱི་བྱ་སྤྱོད་ཤུགས་ཆེ་སྤེལ་གྱི་ཡོད་སྟབས་ཧ་མས་་དྲག་སྤྱོད་པས་ཨིས་རལ་གྱི་མཉམ་དུ་གྲོས་མོལ་བྱ་རྒྱུ་ཕྱིར་འཐེན་བྱེད་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་ཀྱང་བྱས་འདུག ཧ་མས་སྒྲིག་འཛུགས་ཀྱིས་བཏང་འཛིན་འོག་ཡོད་པའི་གྷ་ཛ་ས་གནས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་གྷ་ཛའི་ལྷོ་ཕྱོགས་སྐྱབས་བཅོལ་སྡོད་སྒར་ཨལ་མཱ་ཝཱ་སིའི་ཐོག་ཨེ་སི་རལ་གྱིས་གཏོར་རྒོལ་བྱས་པའི་དོན་རྐྱེན་ནང་ཉུང་མཐར་མི་༩༢རྐྱེན་ལམ་དུ་བཏང་འདུག་ཅིང་། དེའི་ཁོངས་ནས་ཕྱེད་ཀ་ལྷག་ཙམ་བུད་མེད་དང་ཕྲུ་གུ་ཡིན་པ་མ་ཟད། མི་གྲངས་༣༠༠ཙམ་ཞིག་ལ་རྨས་སྐྱོན་བྱུང་ཡོད་པའི་འགྲེལ་བརྗོད་བྱས་འདུག ཀཱ་ཊར་ནང་བརྟེན་གཞི་བྱས་པའི་ཧ་མས་ཆབ་སྲིད་འགོ་ཁྲིད་ཨིས་མལ་ཧཱ་ནིས་རྒྱལ་སྤྱིའི་གྲོས་འགྲིགས་པ་ཚོར་ཨིས་རལ་གྱི་ངོས་ནས་ཧ་མས་དང་དོན་དམ་པའི་གྲོས་མོལ་བྱ་འདོད་མེད་པའི་ཁར་གྲོས་མོལ་བྱ་རྒྱུར་འགོག་རྐྱེན་དང་ནར་འགྱངས་ཀྱི་སྲིད་བྱུས་མུ་མཐུད་བཟུང་གི་འདུག་པ་མ་ཟད། མཚོན་ཆ་སོགས་གང་ཡང་མེད་པའི་ཞི་བའི་ཡུལ་མི་མང་པོ་དམར་བསད་བཏང་དང་གཏོང་བཞིན་པའི་བྱ་སྤྱོད་ཀྱི་ཁོར་ཡུག་ནང་ཕན་ཚུན་གྲོས་མོལ་བྱ་ཐབས་བྲལ་བ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག

གྷ་ཛ་ས་གནས་ནང་བྱེད་བཞིན་པའི་དམག་འཐབ་དེ་མཚམས་འཇོག་ཡོང་སླད་ཟླ་བ་མང་པོའི་རིང་ཀཱ་ཊར་དང་ཨི་ཇེབྜ། དེ་བཞིན་ཨ་རི་བཅས་ཀྱིས་གྲོས་འགྲིགས་བྱ་ཐབས་བྱས་ཡོད་ནའང་། ད་བར་ལམ་ལྷོང་མ་བྱུང་པར་མུ་མཐུད་དམག་འཐབ་བྱེད་བཞིན་པ་རེད། ད་ལྟའི་ཆར་གྷ་ཛ་ནང་གི་པ་ལི་སི་ཐན་བ་རྣམས་ཧ་ཅང་ཡ་ང་བའི་གནས་སྟངས་ནང་ཡོད་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཆེད་འཛུགས་པ་ལི་སི་ཐན་གྱི་སྐྱབས་བཅོལ་ལས་དོན་ཁང་གི་འགན་འཛིན་ཕྷི་ལིབ་ལཱ་ཛཱ་རི་ནིས་བརྗོད་འདུག ཨེས་རལ་གྱིས་ཨལ་ཁཱ་སིམ་དཔུང་སྡེའི་འགན་འཛིན་དྷེབ་དང་ཧ་མས་ཕྱོགས་གཏོགས་དཔུང་སྡེ་གཞན་ཞིག་གི་དམག་དཔོན་རཱ་ཕྷཱ་ས་ལཱ་མཱ་གཉིས་ལ་དམིགས་འབེན་བཙུགས་ཏེ་རེས་གཟའ་སྤེན་པའི་ཉིན་གྱི་གཏོར་རྒོལ་དེ་བྱས་ཡོད་པའི་འགྲེལ་བརྗོད་བྱས་འདུག ཧ་མས་དམག་དཔོན་དྷེབ་ནི་འདས་པའི་ལོ་བཅུ་ཕྲག་འགའ་ཤས་རིང་ཨེ་སི་རལ་གྱིས་འཁོན་འཛིན་བྱེད་དགོས་པའི་མི་སྣ་གཙོ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། གང་ལགས་ཞེ་ན། ཧ་མས་དམག་དཔོན་དྷེབ་ཀྱིས་ཨེ་སི་རལ་གྱི་ཞི་བའི་མི་སྣ་དང་དམག་མི་སོགས་མང་པོ་རྐྱེན་ལམ་དུ་བཏང་མྱོང་ཡོད་པར་ངོས་འཛིན་བྱས་ཏེ་ཨིས་རལ་གྱིས་དེ་སྔོན་ནས་ཧ་མ་སིའི་དམག་དཔོན་དྷེབ་རྐྱེན་ལམ་དུ་གཏོང་ཐབས་ཐེངས་དྲུག་བྱས་ཡོད། ཧ་མ་སིའི་དམག་དཔོན་དྷེབ་དང་ས་ལཱ་མ་གཉིས་ནི་ན་ནིང་ཕྱི་ཟླ་༡༠ཚེས་༧ཉིན་ཨིས་རལ་གྱི་ས་ཐོག་ཧ་མས་དྲག་སྤྱོད་པ་ཚོས་གློ་བུར་གཏོར་རྒོལ་གྱི་ངན་བྱུས་བཤོམས་མཁན་གཙོ་བོ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཨེ་ཨེཕ་པི་དང་ཨེ་པི་གསར་ཁང་ནས་གནས་ཚུལ་བཏུས།

གསར་འགོདཔ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG