གྷཱ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་ཐབས་ལ་ཨ་རི་དང་། ཨི་ཇིབྚ། ཀ་ཏར་བཅས་ཀྱིས་བར་འདུམ་གྲོས་མོལ་བྱེད་བཞིན་པའི་སྐབས་འདིར་ཨིས་རལ་་གྱིས་འདས་པའི་བདུན་ཕྲག་ནང་གྷ་ཛ་ལུང་གཤོངས་ཡོངས་དང་ལྷག་པར་རྒྱལ་ས་གྷཱ་ཛ་གྲོང་ཁྱེར་ཐོག་གཏོར་རྒོལ་ཤུགས་ཆེར་བྱས་ཏེ། ད་ལྟའང་མི་མང་པོའི་ཕུང་པོ་ས་རོ་རྡོ་རོའི་འོག་ནས་འདོན་མ་ཐུབ་པར་ལུས་ཡོད་པ་ཤེས་རྟོགས་བྱུང་འདུག
པེ་ལིས་ཐན་གྱི་དྲག་སྤྱོད་ཤོག་ཁག་ཧ་མ་སེ་ཡིས་ཁ་ས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་ ཨིས་རལ་གྱིས་གྷ་ཛའི་ནང་དམག་འཁྲུག་ཆ་ཚང་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་དེ་ཕྱིར་འཐེན་བྱས་ཡོད་པ་དེར་ཨིས་རལ་གྱིས་ལན་འདེབས་ག་རེ་བྱེད་ཀྱི་ཡོད་ད་བར་གསལ་བསྒྲགས་གང་ཡང་བྱས་མ་སོང་ཞེས་བཤད་འདུག
གྷ་ཛ་གྲོང་ཁྱེར་གྱི་གྲོང་མི་ཞིག་གིས་བཤད་གསལ་ལ། ཨིས་རལ་གྱིས་འདས་པའི་བདུན་ཕྲག་ནང་བྱས་པའི་གཏོར་རྒོལ་དེ་གྷ་ཛའི་དམག་འཁྲུག་འགོ་འཛུགས་སྐབས་ནང་བཞིན་གྱི་ཤུགས་ཆེན་པོ་བྱས་སོང་ཞེས་བཤད་འདུག་པ་དང་། ཨིས་རལ་གྱིས་ཕྱི་ཟླ་༡༠པའི་ནང་སྔ་ལོ་གྷ་ཛའི་དམག་འཁྲུགས་དེ་འགོ་འཛུགས་ཀྱི་གཏོར་རྒོལ་དེ་ཚོ་ཤུགས་ཆེ་དྲག་ཏེ་གྷ་ཛ་ལུང་གཤོངས་ཀྱི་ཁང་པ་ཆེ་ཤོས་དང་། མི་མང་གི་སྡོད་ཁང་ཕལ་ཆེ་བ་གཏོར་བཤིགས་བཏང་ཡོད་པ་རེད།
གྷ་ཛ་གྲོང་ཁྱེར་དེར། གྷ་ཛ་ས་ལུང་བཤོངས་ཡོངས་ཀྱི་མི་འབོར་གྱི་བཞི་ཆ་གཅིག་ཙམ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། ཨིས་རལ་གྱིས་བྱས་པའི་གཏོར་རྒོལ་དེ་ཚོས་གྲོང་ཁྱེར་དེའི་ཁང་པ་ཕལ་ཆེ་བ་ཞིག་རལ་བཟོས་ཡོད་རུང་། དེར་གནས་སྡོད་བྱེད་མཁན་མི་མང་ཁྲི་ཕྲག་མང་པོ་ཁང་པ་གྱང་རོ་དེ་ཚོར་ཕྱིར་ལོག་བྱས་ཡོད་པ་རེད། ཨིས་རལ་གྱི་དམག་མིས་མི་མང་དེ་ཚོ་ཉེན་གཡོལ་ཆེད་ས་གནས་གཞན་ལ་སྤོ་དགོས་པའི་བཀོད་ཁྱབ་བཏང་ཡོད་རུང་། པེ་ལིས་ཐན་གྱི་མི་མང་དེ་ཚོ་ཡང་བསྐྱར་ཉེན་གཡོལ་དུ་འགྲོ་རྒྱུར་མོས་མཐུན་བྱེད་ཀྱི་མེད་པ་རེད།
མི་དེ་ཚོའི་ཁྲོད་ནས་རང་ལོ་༣༠ཡིན་པ་མོ་ཧ་མཏ་ ཨཱ་ཞེས་པས། ང་ཚོ་ས་གནས་འདི་རང་དུ་ཤི་རྒྱུར་གྲ་སྒྲིག་ཡིན། འོན་ཀྱང་ལྷོ་ཕྱོགས་ཪཱ་ཕའི་ཕྱོགས་སུ་ཉེན་གཡོལ་ལ་འགྲོ་ཡི་མིན། ང་ཚོས་འདས་པའི་ཟླ་བ་དགུའི་རིང་ལྟོགས་རིས་དང་། འབར་རྫས་ལ་གདོང་ལེན་བྱས་པ་ཡིན་པས་ད་ཆ་ང་ཚོ་ཤི་རྒྱུར་གྲ་སྒྲིག་ཡོད་ཅེས་བཤད་འདུག ཨ་ལི་དང་ཨ་ལིའི་ནང་མི་ཚོས་གྷཱ་ཛ་གྲོང་ཁྱེར་གྱི་ས་ཆ་ཁ་ཤས་ལ་གནས་སྤོ་བྱས་ཏེ་བསྡད་ཡོད་པ་དང་། ཁོ་པའི་ནང་མི་ཚོས་ཟ་ཆས་དང་ཐུང་ཆུ། སྨན་མེད་པ་སོགས་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱེད་དགོས་བྱུང་ཡོད། ཨ་ལིས་གསར་འགོད་པར་བཤད་པ་ལྟར་བྱས་ན། ཨིས་རལ་གྱིས་གྲོང་ཁྱེར་གྷ་ཛའི་ཐོག་དམག་འཁྲུག་གཞི་ནས་འགོ་འཛུགས་བྱས་པ་ནང་བཞིན་འབར་རྫས་ཀྱིས་གཏོང་རྒོལ་བྱེད་ཀྱི་འདུག་ཅེས་བཤད་འདུག
ཨིས་རལ་གྱི་སྲིད་བློན་བྷེན་ཇ་མིན་ནེ་ཏན་ཡ་འུས་ཞི་བདེའི་གྲོས་མཐུན་གང་འདྲ་ཞིག་བཞག་རུང་། གྲོས་མཐུན་དེས་ཨིས་རལ་གྱིས་ཧ་མས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་བསྒྲུབ་ཏུ་འཇུག་དགོས་ཀྱི་ཡོད་ཅེས་གསུངས་འདུག
རུ་ཌར་གསར་འགྱུར་ལས་ཁང་ལས་བཏུས།
གསར་འགོད་པ། ཕུན་ཚོགས་ཚེ་རིང་།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།
གླེང་སྟེགས།