ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༡/༢༣

རྒྱ་ནག་གིས་ཧ་མས་དང་ཕཱ་ཏཱ་གཉིས་དབར་གྲོས་འཆམ་བྱུང་ལུགས་གསལ་བསྒྲགས་བྱས།


རྒྱ་ནག་གིས་ཧ་མས་དང་ཕཱ་ཏཱ་གཉིས་དབར་གྲོས་འཆམ་བྱུང་ལུགས་གསལ་བསྒྲགས་བྱས།
རྒྱ་ནག་གིས་ཧ་མས་དང་ཕཱ་ཏཱ་གཉིས་དབར་གྲོས་འཆམ་བྱུང་ལུགས་གསལ་བསྒྲགས་བྱས།

ཨིས་རལ་གྱིས་ཧ་མས་དྲག་སྤྱོད་པར་དམག་འཐབ་བྱེད་མུས་དང་། ཨ་རི་དང་འབྲེལ་ཡོད་ཨེ་རབ་རྒྱལ་ཁབ་ཚོས་དམག་འཁྲུག་དེ་མཚམས་འཇོག་འབྱུང་ཐབས་དང་འབྲེལ་དམའ་མཐཪ་རེ་ཞིག་མེ་འཕེན་མཚམས་འཇོག་འབྱུང་ཐབས་བྱེད་བཞིན་པ་མ་ཟད། དམག་འཁྲུག་ཡོངས་སུ་མཚམས་འཇོག་བྱས་རྗེས་ལ་པེ་ལེས་ཐན་གྱི་ཆབ་སྲིད་འཛིན་སྐྱོང་ཇི་འདྲ་འཛུགས་ཕྱོགས་ཐད་ལའང་གྲོས་མོལ་རིམ་པར་བྱེད་ཐུབ་ཐབས་བྱེད་བཞིན་པའི་སྐབས་འདིར་རེས་གཟའ་མིག་དམར་ཉིན་རྒྱ་ནག་གིས་ཡུལ་དེའི་རྒྱལ་ས་པི་ཅིན་ནང་འདི་ཟླའི་ཚེས་༢༡ ནས་༢༣ བར་ཚོགས་པའི་ཚོགས་འདུའི་ཐོག་ནས་པེ་ལིས་ཐན་གྱི་ཧ་མས་ཤོག་ཁག་དང་དེའི་ཁ་གཏད་ཕ་ཏཱ་གཉིས་དབར་ད་ཡོད་དམག་འཁྲུག་མཚམས་འཇོག་བྱུང་རྗེས་ཕན་ཚུན་མཉམ་ལས་བྱས་ཏེ་བར་རྒལ་ཆིག་སྒྲིལ་གཞུང་འཛུགས་རྒྱུའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད་ཅེས་གསལ་བསྒྲགས་སྤེལ་འདུག

དེ་ཡང་རྒྱ་ནག་གཞུང་གཉེར་གཟུགས་མཐོང་བརྙན་འཕྲིན་ཁང་གིས་སྤྱི་ཚོགས་དྲ་རྒྱའི་ཐོག་བཀོད་དོན་ལ། ད་ལམ་པི་ཅིན་ནང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང ཡིས་ལྟ་རྟོགས་འོག་ཚོགས་པའི་གྲོས་མོལ་ཚོགས་འདུ་དེའི་ནང་པེ་ལིས་ཐན་གྱི་ཤོག་ཁག་གཙོ་བོ་ཧ་མས་དང་ཕ་ཏཱ་གཉིས་ཀྱི་ཁར་ཤོག་ཁ་ཆུང་གྲས་བཅུ་གཉིས་མཉམ་ཞུགས་བྱས་ཡོད་རེད་ཅེས་བཀོད་འདུག་ཅིང། རྩ་བའི་པི་ཅིན་ནང་ཚོགས་པའི་ཚོགས་འདུ་དེའི་ཐོག་ཨིས་རལ་དང་ཧ་མས་གཉིས་དབར་འདས་པའི་ཟླ་བ་དགུའི་རིང་གྷ་ཛའི་ནང་དམག་འཁྲུག་བྱེད་བཞིན་པ་དེ་མེ་འཕེན་མཚམས་འཇོག་བྱེད་ཐུབ་པའི་རྗེས་པེ་ལིས་ཐན་གྱི་གཞུང་ཇི་འདྲ་ཞིག་འཛུགས་ཕྱོགས་ཀྱི་ལམ་བུ་ཞིག་བསྐྲུན་རྒྱུར་དམིགས་འདུག ཡང་ད་ལམ་རྒྱ་ནག་གིས་པེ་ལིས་ཐན་གྱི་ཤོག་ཁ་དེ་གཉིས་དབར་ཆིག་སྒྲིལ་གཞུང་ཞིག་འཛུགས་ཐབས་ལ་མོས་མཐུན་བྱུང་སྟེ་གྲོས་མཐུན་ལ་མིང་རྟགས་བཀོད་ལུགས་བཤད་པ་ཙམ་ལས་དེ་མིན་གྲོས་མཐུན་དེའི་ནང་དོན་དང་ལག་བལྟར་བྱེད་ཕྱོགས་སོགས་ཞིབ་ཁྲའི་གནས་ཚུལ་གང་ཡང་གསལ་འདོན་བྱས་མི་འདུག

གནས་ཚུལ་ཐོན་པར་གཞིགས་ན་ད་རེས་ཀྱི་ཚོགས་འཛོམས་དེའི་སྐབས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡིས་པེ་ལིས་ཐན་གྱི་ཧ་མས་དྲག་སྤྱོད་པའི་ཤོག་ཁའི་དཔོན་རིགས་མུ་ཛ་ཨ་བྷུ་མར་ཛུལ་དང་ཕ་ཏཱ་ཤོག་ཁའི་ངོ་ཚབ་མཱ་མུད་ ཨལ་ ཨལ་ལུལ། དེ་བཞིན་པེ་ལིས་ཐན་གྱི་ཤོ་ཁག་ཆུང་གྲས་བཅུ་གཉིས་ཀྱི་ངོ་ཚབ་བཅས་མཉམ་ཞུགས་བྱས་འདུག སྲིད་དོན་དབྱེ་ཞིབ་པས་བརྗོད་དོན་ལ། འདས་པའི་དུས་སུ་ཨི་ཇེབྚ་དང་ཨེ་རབ་རྒྱལ་ཁབ་གཞན་ཚོས་ད་བར་མི་ལོ་༡༧རིང་དབང་ཆ་མཉམ་སྤྱོད་མ་ཐུབ་པའི་དཀའ་རྙོག་དེ་སེལ་ཐབས་བྱས་ཏེ་པེ་ལིས་ཐན་གྱི་ཧ་མས་ཤོག་ཁ་དང་ཕ་ཏཱ་གཉིས་དབར་ཞི་འགྲིགས་བར་འདུམ་ཐུབ་ཐབས་བྱས་ཡོད་ཀྱང་། དོན་དམ་གྱི་གྲུབ་འབྲས་སོན་པ་བྱུང་མེད།

ད་རེས་རྒྱ་ནག་གིས་བར་འདུམ་བྱས་ལུགས་བཤད་པའི་གྲོས་འཆམ་བྱུང་ནས་མ་འོངས་པར་ཤོག་ཁ་ཆེ་གྲས་དེ་གཉིས་ཀྱིས་མཉམ་སྦྲེལ་བྱས་ཏེ་བར་བརྒལ་གཞུང་བཙུག་པའི་ཐོག་ནས་རིམ་བཞིན་འོས་བསྡུ་བྱེད་ཕྱོགས་བའི་ལམ་ཕྱོགས་སྟོན་རྒྱུ་དང་། མཐའ་མ་པེ་ལིས་ཐན་ཆིག་སྒྲིལ་གཞུང་འཛུགས་ཐུབ་པ་བྱ་རྒྱུའི་དམིགས་ཡུལ་ཡོད་ལུགས་བཤད། དེ་ལྟར་དངོས་སུ་བསྒྲུབ་ཐུབ་མིན་ནི་ཐེ་ཚོམ་རང་བཞིན་ཞིག་རེད་ཅེས་བརྗོད་ཀྱི་ཡོད་པ་རེད། དེ་བཞིན་དབྱེ་ཞིབ་པ་གཞན་ཁག་ཅིག་གིས་ པེ་ལིས་ཐན་གྱི་གཞུང་གང་འདྲ་ཞིག་བྱུང་བ་ཡིན་ནའང་དེར་ཨ་རི་དང་ཨིསི་རལ་གྱིས་མོས་མཐུན་མ་ཐོབ་ན་གཞུང་སྲ་བརྟན་ཞིག་འཛུགས་ཐུབ་ཀྱི་མ་རེད་ཅེས་བརྗོད་ཀྱི་ཡོད། ཨིིས་རལ་གྱིས་ཧ་མས་དྲག་སྤྱོད་སྒྲིག་འཛུགས་ཤུལ་མེད་བཟོ་རྒྱུ་ཡིན་ཞེས་ནན་བརྗོད་བྱེད་ཀྱི་ཡོད་པ་རེད།

ཨ་རི་རླུང་འཕླིན་ཁང་གི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG